ལོ་གསར་ནག་པོ།
25/02/2009 15:13
བཞུགས་སྒར་གྱི་ལོ་གསར་ནག་པོ།
དེ་རིང་སྤྱི་ནོར་༧གོང་ས་མཆོག་གི་བཞུགས་སྒར་ངྷ་རམ་ས་ལ་གོང་ཞོལ་དང༌། བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་སྐྱིད་གཡས་གཡོན་ཡོངས་སུ་ལོ་གསར་གྱི་རྣམ་པ་གང་ཡང་མེད་པར། ཁུ་སིམ་སིམ་འཇམ་ཐང་ཐང་གི་ལོ་གསར་ནག་པོ་སྲུང་གཙི་བྱས་ཡོད།
དེ་རིང་ཞོགས་པའི་ཆུ་ཚོད་ ༧ པའི་ཐོག་གཙུག་ལག་ཁང་གི་ཡང་སྟེང་དུ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་རྟེན་འབུལ་གནང་པའི་ཐོག་མར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་བཞུགས་ཁྲིར་རྟེན་གསུམ་འདེགས་འབུལ་དང་ལྷ་མོའི་གསུང་སྐང་མཛད་ཡོད།
ཆུ་ཚོད་ ༩ པའི་ཐོག་གཙུག་ལག་ཁང་དུ་རྣམ་རྒྱལ་གྲྭ་ཚང་གི་གསུང་ཞབས་རྣམས་ཀྱིས་ཞལ་འདོན་དང་མཁན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་རྟགས་བརྒྱད་དང༌། རྒྱལ་སྲིད་སྣ་བདུན། རྫས་བརྒྱད་བཅས་འདེགས་འབུལ་དང་ཤིས་བརྗོད་སོགས་གྲུབ་རྗེས། བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་ཆེ་བ་གཙོས་པའི་གཞུང་ཞབས་ལས་བྱེད་ཆེ་ཕྲ་དང་སྐྱ་སེར་མི་མང་འདུ་ཚོགས་ཐོག བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་སྤྱི་ནོར་༧གོང་ས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་ལོ་གསར་ལ་འཚམ་འདྲིའི་གསུང་འཕྲིན་བསྩལ་ཡོད་པ་སྒྲོག་སྦྱོང་གནང་སོང༌།
དེའི་རྗེས་ཚོགས་ལངས་པ་གཉིས་ནས་ཆོས་ཀྱི་བགྲོ་གླེང་གནང་ཡོད་པ་དང༌། དེའི་རྗེས་གསོལ་ཇ་འབྲས་བསིལ་འདེགས་འབུལ་གནང་ཡོད། བཞུགས་ཁྲི་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་མཉམ་དུ་བོད་གཞུང་ཟློས་གར་ཚོགས་པས་ཁྲི་གར་འཁྲབ་སྟོན་བྱས་ཡོད།