ཤར་ཏུར་ཀི་སི་ཐན་
13/07/2009 10:14
ཤར་ཏུར་ཀི་སི་ཐན་ནང་ཨ་རིའི་གཞུང་ཚབ་ཡོང་བའི་འབོད་སྐུལ།
༄༅། །བཙན་བྱོལ་དུ་ཡོད་པའི་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་འགོ་ཁྲིད་ཀྱིས་ཉེ་ཆར་ཕྱི་ཚེས་ལྔ་ཉིན་ཤར་ཏུར་ཀི་སི་
ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པ་དེར་ཨ་མི་རི་ཀའི་ཕྱོགས་ནས་གདུང་
སེམས་མཉམ་སྐྱེད་མཚོན་ཐབས་སུ་ཤར་ཏུར་ཀི་སི་ཐན་ནང་ཨ་མི་རི་ཀའི་གཞུང་ཚབ་ཁང་གསར་འཛུགས་ཡོང་བའི་
འབོད་སྐུལ་ཞུ་གི་ཡོད་པ་རེད།
རེས་གཟའ་ཉི་མའི་ཉིན་ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་འགོ་ཁྲིད་ལྕམ་རེ་སྦི་ཡ་
ཀ་རྡིར་གྱིས་འཇར་མེན་སྐད་ཡིག་གི་གསར་ཤོག་ཕོ་ཁ་སི་ཞེས་པའི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་
སྐབས་གསུངས་དོན་ལ་ཨ་མི་རི་ཀས་བོད་ཀྱི་གནད་དོན་ཐོག་ལ་ཐེ་ཇུས་ཤུགས་ཆེན་པོ་གནང་གི་ཡོད་པ་བཞིན་ང་
ཚོ་ཡུ་གུར་མི་རིགས་ཚོར་ཡང་དེ་ལྟར་གཅིག་མཚུངས་གནང་དགོས་ཀྱི་རེད་ཅེས་དང་ཨ མི་རི་ཀའི་ངོས་ནས་ཤར་
ཏུར་ཀི་སི་ཐན་ནང་གཞུང་ཚབ་ཁང་ཞིག་གསར་འཛུགས་གནང་སྟེ་ཡུ་གུར་མི་རིགས་ཚོར་གདུང་སེམས་མཉམ་སྐྱེད་
ཡོད་པའི་རྣམ་འགྱུར་མཚོན་པ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད།
ད་དུང་ཁོང་གིས་ཡུ་གུར་མི་རིགས་རྣམས་བོད་མི་རིགས་དང་གཅིག་མཚུངས་རྒྱ་ནག་གཞུང་གི་བཙན་གནོན་འོག་
དཀའ་སྡུག་མང་པོ་མྱོང་བཞིན་ཡོད་པ་དང་ང་ཚོ་ཡུ་གུར་མི་རིགས་རྣམས་རང་གི་ལུང་པར་དྲག་གནོན་མྱོང་བཞིན་
པ་མ་ཟད་ང་ཚོ་སོ་སོའི་ལུང་པའི་ནང་དུ་མི་རིགས་གཞན་ཞིག་གི་འོག་ཏུ་མི་སེར་གཉིས་པའི་དཀའ་སྡུག་དང་མནར་
སྤྱོད་མྱོང་བཞིན་ཡོད་པའི་སྐོར་གསུངས་ཡོད་པ་རེད། རེས་གཟའ་པ་སངས་ཉིན་ཨ མི་རི་ཀའི་ཆབ་སྲིད་ཚོགས་པ་ཆེ་
ཁག་གཉིས་ཀྱི་གྲོས་ཚོགས་འཐུས་མི་གཉིས་ད་རེས་རྒྱ་ནག་གཞུང་གི་ཡུ་གུར་གྲངས་ཉུང་མི་རིགས་ཐོག་དྲག་གནོན་
བྱེད་པ་དེར་ཨ་རིའི་གྲོས་ཚོགས་ཐོག་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གྲོས་འཆར་གདོན་རྒྱུའི་གསལ་བསྒྲགས་གནང་
ཡོད་པ་རེད༎
———
Back