ས་མཚམས་ཀྱི་དཀའ་ངལ་

16/08/2009 08:55

རྒྱ་གར་དང་རྒྱ་ནག་བར་ས་མཚམས་ཀྱི་དཀའ་ངལ་འཕྲད་བཞིན་པ། 

RFA-

རྒྱ་གར་གྱི་བྱང་ཤར་མོན་ཏ་ལྦང་ཁུལ་གྱི་ས་མཚམས་བརྒྱུད་རྒྱ་གར་དང་རྒྱ་ནག་གཉིས་དབར་དངངས་འཚབ་ཆེ་རུ་འགྲོ་

བཞིན་འདུག  དེ་ཡང་རྡ་ཨེཇ་ཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་དོན་ལྟར་ན་རྒྱ་ནག་གིས་རྒྱ་གར་གྱི་བྱང་ཤར་

མངའ་སྡེ་ཨ་རུ་ན་ཅལ་པཱར་རྡེཤ་འམ་མོན་ཏ་ལྦང་ས་ཁུལ་མང་ཆེ་བ་རྒྱ་ནག་གི་ཁོངས་གཏོགས་ཡིན་ཚུལ་བཤད་ཀྱི་ཡོད་

པ་མ་ཟད་རྒྱ་མིས་རྒྱ་གར་གྱི་ས་ཁུལ་ནང་སིམ་འཛུལ་གཙོས་པའི་སྐོར་གཡེང་ངར་ཤུགས་ཆེན་པོའི་སྒོ་ནས་བྱེད་བཞིན་

པའི་རྐྱེན་གྱིས་རྒྱ་གར་ངོས་ནས་ཀྱང་ཀི་ལོ་མི་ཊར་༣༥༠༠ཙམ་གྱི་ས་མཚམས་ཁུལ་དུ་རང་གི་དམག་མིའི་གྲངས་འབོར་

མང་དུ་གཏོང་དགོས་བྱུང་ཡོད་པ་རེད།

རྒྱ་གར་གྱི་ཆབ་སྲིད་ཉམས་ཞིབ་པ་དང་སློབ་དཔོན་སྦ་ར་མ་ཆེ་ལ་ནི་མཆོག་གིས་གསུངས་གསལ་ལྟར་ན་ཟླ་བ་འགའ་

ཤས་རིང་ནས་བཟུང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཁུལ་དུ་དངངས་འཚབ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

གཟའ་འཁོར་སྔོན་མའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་དང་རྒྱ་ནག་གི་སྐུ་ཚབ་འཐུས་མི་རྣམས་ཀྱིས་ས་

མཚམས་རྩོད་རྙོག་སྐོར་གྲོས་མོལ་གནང་བའི་ཉིན་གཅིག་གི་རྗེས་སུ་གལ་ཏེ་རྒྱ་ནག་གིས་བྱེད་སྒོ་ཆུང་ཚགས་ཤིག་

སྤེལ་ཚེ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཆེན་པོ་ཞེས་པ་དེ་འཐོར་བཤིག་གཏོང་ཐུབ་རྒྱུ་དང་དེ་ནི་རྒྱ་ནག་གི་ཁེ་ཕན་ཡིན་

ལུགས་འཁོད་པའི་རྩོམ་བྲིས་ཤིག་འགྲེམས་སྤེལ་བྱས་པ་མ་ཟད་རྒྱ་མིའི་བྱེད་སྒོ་དེར་རྒྱ་ནག་དང་མཛའ་འབྲེལ་ཡོད་

པའི་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་དང་སྦང་ལ་རྡེཤ་དེ་བཞིན་བལ་ཡུལ་སོགས་ཀྱིས་རོགས་པ་བྱེད་ནས་རྒྱ་གར་

ནང་ཊ་མིལ་དང་ཀ་ཤི་མིར་ཟེར་བ་གཙོས་པའི་མི་རིགས་འདྲ་མིན་ཡོད་པ་ཁག་ལ་རང་བཙན་རྒྱལ་ཁབ་གསར་བསྐྲུན་

ཐུབ་རྒྱུ་ཡིན་ལུགས་ཀྱང་རྩོམ་བྲིས་དེའི་ནང་འཁོད་ཡོད་པ་རེད།

རྒྱ་གར་གཞུང་ངོས་ནས་གོང་ཞུས་རྒྱ་མིའི་རྩོམ་བྲིས་དེ་ཛ་དྲག་ཏུ་རྩིས་ནས་ཡུལ་གྲུ་གཉིས་དབར་ས་མཚམས་ཀྱི་རྩོད་

རྙོག་ཐེ་བའི་གནད་དོན་མ་སེལ་བ་ཡོངས་རྫོགས་ཞི་བའི་གྲོས་མོལ་དང་གྲོས་བསྡུར་བརྒྱུད་ནས་སེལ་རྒྱུར་མོས་མཐུན་

བྱུང་སྐོར་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད། གཟའ་འཁོར་སྔོན་མའི་བདུན་མཇུག་ལ་གུའུ་གལ་ཡི་ས་ཁྲའི་ནང་རྒྱ་

གར་གྱི་མངའ་སྡེ་ཨ་རུ་ན་ཅལ་པཱར་རྡེཤ་ཡི་གྲོང་ཁྱེར་མང་པོའི་མིང་དབྱིན་ཇི་དང་ཧིན་རྡིའི་ཐོག་མིན་པར་རྒྱ་མིའི་

སྐད་ཡིག་ཐོག་བྲིས་ནས་མངའ་ཁུལ་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་པ་བཏོན་པ་མ་ཟད་ཡང་ཟླ་བ་གཉིས་ཀྱི་གོང་

ལ་ཨེ་ཤེ་ཡའི་ཡར་རྒྱས་ལས་དོན་དངུལ་ཁང་གིས་རྒྱ་གར་གྱི་ཨ་རུ་ན་ཅལ་པར་རྡེཤ་མངའ་སྡེ་ས་ཁུལ་ཡར་རྒྱས་གཏོང་

རྒྱུར་ཨ་སྒོར་ས་ཡ་དྲུག་བཅུ་འབུ་ལོན་གནང་བ་དེར་ཡང་དགག་པ་རྒྱབ་པ་སོགས་རྒྱ་དཀར་ནག་གཉིས་མི་མཐུན་པའི་

གནས་ཚུལ་མང་པོ་བྱུང་ཡོད་པའི་གནས་ཚུལ་ཡང་བཀོད་འདུག།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།