སྤྱི་ཟླ་དགུ་པ།
18/07/2009 12:20
སྤྱི་ཟླ་དགུ་པ།
སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་དྲུག་པ།
སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་ཟླ་འདིའི་ཚེས་༨ ཉིན་
འགོ་འཛུགས་ཀྱིས་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་འཚོག་བཞིན་ཡོད་པ་དང༌། ཉིན་དང་པོ་བོད་མི་མང་སྤྱི་
འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་དབུ་འཛུགས་མཛད་སྒོའི་གསུང་བཤད་གནང་སྐབས། ཕྱི་ཟླ་༣ པ་
ནས་ད་ལྟ་བར་བོད་ནང་གཞི་ལུས་སྤུན་ཟླ་ཚོས་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་དམ་
དྲག་ཆེན་པོ་བྱས་ཡོད་སྟབས། ཛ་དྲག་གི་འོག་ཏུ་གནས་ཡོད་པ་རེད། ཡིན་ནའང་བོད་མི་ཚོས་ཞི་རྒོལ་གནང་རྒྱུའི་
ཆོད་སེམས་དེ་མུ་མཐུད་ནས་བརྟན་པོ་གནས་ཡོད་པ་དང༌། དེའི་ཐོག་གྲོས་ཚོགས་ལ་ཐུགས་ཚབས་ཆེན་པོ་ཡོད་པ་
མ་ཟད། གུས་བཏུད་དང་རྒྱབ་སྐྱོར་ཡོད་པ་གྲོས་ཚོགས་འདིའི་ལས་དོན་གྱི་རིང་ལ་རྣམ་པ་གསལ་ཡོང་གི་རེད་
བསམ་གྱི་འདུག་ཅེས་གསུངས་ཡོད་པ་རེད།
དེ་རྗེས་ཕྱི་ཟླ་༣ པའི་ཚེས་༡༠ ནས་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་
བྱས་པར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ། བོད་རྒྱལ་ཁབ་ཆེད་རང་སྲོག་བློས་གཏོང་བྱེད་མཁན་རྣམས་ཀྱི་
ནང་མི་ལ་ཐུགས་གསོའི་འཚམས་འདྲི་དང༌། མྱ་ངན་གུས་འདུད་ཀྱི་རྗེས་དྲན་ཆེད་གཞུང་འབྲེལ་གྲོས་ཆོད་བཞག་
པ་དང༌། དེ་བཞིན་གཡུང་དྲུང་བོན་གྱི་སྤྱི་ཟུར་སྡེ་དགེ་གཡུང་དྲུང་རྣམ་རྒྱལ་ལགས་འདི་ལོའི་ཕྱི་ཟླ་༦ ཚེས་༡༨ ཉིན་སྐུ་ཚེ་མ་ཟིན་པར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་བཞག་ཡོད་པ་རེད།
བཙན་བྱོལ་བོད་གཞུང་ལས་ཁུངས་ཁག་གི་ཕྱི་ལོ་༢༠༠༧་་༢༠༠༨ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་
སྒྲོན་ཞུས་པ་དང༌། སྤྱི་འཐུས་རྒྱུན་ལས་ནས་ལས་ཁུངས་ཁག་གི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་
སྙན་ཐོ་སྙན་སྒྲོན་ཞུས་རྗེས་ལས་བསྡོམས་ཐོག་བགྲོ་གླེང་གནང་དགོས་པ་དང༌། བོད་ནང་གི་ཞི་བའི་སྒེར་ལངས་ཀྱི་
ལས་འགུལ་ལ་རྒྱབ་སྐྱོར་ཆེད་བོད་མི་བཙན་བྱོལ་བ་དང༌། བོད་དོན་རྒྱབ་སྐྱོར་བས་ལས་དོན་ཇི་དགོས་ཐོག་བགྲོ་
གླེང་དགོས་པའི་གཞུང་འབྲེལ་གྲོས་ཆོད་ཅིག་ཀྱང་བཞག་ཡོད་པ་དང་མུ་མཐུད་གྲོས་ཚོགས་འཚོག་བཞིན་ཡོད་པ་
རེད།།
དྲག་གནོན་བཀག་ཉར་འོག་ནས་བོད་མི་ཞིག་གི་རེ་འབོད།
དམག་མི་ཆུང་ཆུང་ཞིག་གིས་ང་ལ་མེ་མདའ་གཏད་ནས་རྒྱ་སྐད་ཀྱིས་མེ་མདའ་འདི་ཁྱོད་ཚོ་བོད་པ་ཚོ་གསོད་ཆེད་
བཟོས་པ་རེད། ཁྱོད་ཚོ་ཁ་མ་ཉན་ན་བསད་ནས་རོ་གད་སྙིགས་ཁྲོད་དུ་གཡུག་ཀྱང་སུ་གཅིག་གིས་ཤེས་ཀྱི་མ་རེད་ཟེར།
སྐད་ཆ་དེ་ཐོས་ཚེ། ངའི་མགོ་ལ་མེ་མདའ་བཙུགས་པ་དེར་སྐྲག་སྣང་མ་བྱུང་རུང༌། ཁོང་རྒྱལ་ཁབ་ཀྱི་ཉེན་རྟོག་པ་དང༌།
དམག་མི་ཞིག་རེད། རྒྱལ་ཁབ་ཆེན་པོ་ཞིག་གིས་མི་རིགས་ཉམ་ཆུང་ཞིག་ལ་ཐུབ་ཚོད་དང་དྲག་གནོན་བྱེད་པར་མཚོན་
ཆ་བཟོ་ཡི་ཡོད་པ་དང༌། ཁོང་ཚོས་ཆུང་ས་ཞིག་ཏུ་འདི་འདྲ་བྱེད་ཀྱི་ཡོད་ཚེ། ཆེ་ས་ན་ད་དུང་མང་པོ་བྱེད་ཀྱི་ཡོད་པ་
རེད། བོད་པ་ཚོར་དྲག་གནོན་དང་དམར་གསོད། ཁོ་ཚོས་མཚོན་ཆ་གཏད་ནས་སྐད་ཆ་དེ་འདྲ་བཤད་ཐུབ་པ་དེར་ང་
ཧ་ལས་སོང་ཅེས་དང༌། ང་ལ་ཁྱོད་ཕྱི་ལོག་གི་རྒྱལ་བ་རིན་པོ་ཆེ་དང༌། ཟམ་གདོང་རིན་པོ་ཆེ། ཨཀྱཱ་རིན་པོ་ཆེ་ལ་འབྲེལ་
བ་འདུག ཁྱོད་ཀྱིས་ཕྱི་ལ་འབྲེལ་བ་ཡོད་པ་ཁས་ལེན་བྱེད་དགོས་ཟེར་གྱི་འདུག་ཅེས་དང༌། ད་ལྟ་ང་བཙོན་ཁང་ལ་
བཅུག་མེད་པ་ཙམ་ལས་རང་དབང་ཅི་ཡང་མེད། དེང་སྐབས་ང་ཚོའི་ཐོག་ཏུ་ལས་འགུལ་རིམ་པ་ཞིག་སྤེལ་གྱི་ཡོད་པ་
བླ་བྲང་གཅིག་པུ་དང་ཨ་མདོ་གཅིག་པུ་མ་རེད། འདི་ནི་མདོ་དབུས་ཁམས་གསུམ་ལ་འབྱུང་བཞིན་ཡོད་པ་རེད་ཅེས་
རྒྱ་གཞུང་གི་བཀག་ཉར་འོག་ཏུ་ཡོད་པའི་བླ་བྲང་གི་གྲྭ་འཇིགས་མེད་ལགས་ཀྱིས་འགྲེལ་བརྗོད་གནང་འདུག།
གྲྭ་འཇིགས་མེད་ལགས་འདི་ལོའི་ཞི་རྒོལ་ཆེན་མོ་དང་འབྲེལ་བ་ཡོད་སྐོར་བརྗོད་དེ། རྒྱ་ནག་གཞུང་གིས་འཛིན་
བཟུང་དང༌། རྡུང་རྡེག་དྲག་པོ་བཏང་རྗེས་བཙོན་ཁང་ནས་གློད་གྲོལ་བཏང་རྗེས་ནང་དུ་བཀག་ཉར་བྱས་ཡོད་པ་
རེད། ཁོང་གིས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱེད་སྟངས་སྐོར་ལ་སྐད་ཆ་བཤད་པའི་བརྙན་འཁོར་ཞིག་ཕྱི་རྒྱལ་
དུ་འབྱོར་ཡོད་པ་དང༌། ད་ལྟའི་ཁོང་གི་གནས་སྟངས་གསལ་རྟོགས་བྱུང་མ་སོང༌། ཁོང་གིས་བརྙན་འཁོར་དེའི་ནང་
གསུང་དོན། ད་ལོ་བོད་ཟླ་༢ ཚེས་༡༥ ཉིན་ཕྱི་ཟླ་༣ ཚེས་༢༡ ཉིན་དགོན་པའི་ཚོགས་གྲོལ་བའི་རྗེས་སུ་ང་ཁྲོམ་ལ་
བསྐྱོད། ངས་རླངས་འཁོར་འབབ་ཚུགས་ཀྱི་ལམ་ཟུར་དུ་ལྷམ་བཙེམས་སྐབས། ཁ་པར་ཞིག་སླེབས་སོང༌། ཁ་པར་ལ་
ལྟ་དུས་ཨང་གྲངས་ཤར་མི་འདུག ཁོང་ཚོས་ཉེ་འཁོར་གྱི་རླངས་འཁོར་ཞིག་ཏུ་ང་ལ་རྟོག་ཞིབ་བྱེད་ཀྱི་ཡོད་པ་འདྲ།
རླངས་འཁོར་དཀར་པོ་ཞིག་གློ་བུར་དུ་ཡོང་སྟེ། མདུན་བཀག་ནས་དམག་མི་བཞིས་ང་འཇུ་བཟུང་བྱས་ཏེ་རླངས་
འཁོར་ནང་དུ་འཐེན་སོང༌། ངས་ཕྱིར་ལྟ་དུས་ཨ་ནེ་ཞིག་འདུག ངས་ཨ་ནེ་ཨ་ནེ་ཞེས་སྐད་འབོད་ཐེངས་འགའ་བྱེད་
སྐབས། ཨ་ནེ་དེས་ཕྱིར་བལྟས་ཤིག་བྱས་སོང༌། ང་མོ་ཊའི་ནང་དུ་བཞག་ནས་མགོ་ལ་རས་ཁུག་ནག་པོ་ཞིག་གཡོགས་
ནས་ལག་པར་ལྕགས་བརྒྱབ། མགོ་ལ་མེ་མདའ་བཙུགས་ཏེ་མར་མནན་ནས། ང་ཉེན་རྟོག་ལས་ཁང་རྒྱབ་ཏུ་ཡོད་པའི་
དྲག་ཆས་ཉེན་རྟོག་པའི་མགྲོན་ཁང་དེར་ཁྲིད་སོང༌། ངའི་མགོ་ལ་གཡོགས་པའི་རས་ཁུག་ནག་པོ་དེ་བཤུས་ནས། ལག་
ལྕགས་བརྒྱབ་སྟེ། ཁོང་ཚོས་ང་ལ་ལུས་བཤེར་བྱས་ནས་ཁ་པར་དང་དངུལ་ཁུག་འཕྲོག་སོང༌། ང་རྐུབ་སྟེགས་ཤིག་གི་ཐོག་
ཏུ་ལག་པ་རྒྱབ་ལ་བསྡམས་ནས་བཞག དམག་མི་ཆུང་ཆུང་ཞིག་གིས་ང་ལ་མེ་མདའ་གཏད་ནས་རྒྱ་སྐད་ཀྱིས་མེ་
མདའ་འདི་ཁྱོད་ཚོ་བོད་པ་ཚོ་གསོད་ཆེད་བཟོས་པ་རེད། ཁྱོད་ཚོས་ཁ་མ་ཉན་ན་བསད་ནས་རོ་གད་སྙིགས་ཁྲོད་དུ་
གཡུག་ཀྱང་སུ་གཅིག་གིས་ཤེས་ཀྱི་མ་རེད་ཟེར། སྐད་ཆ་དེ་ཐོས་ཚེ། ངའི་མགོ་ལ་མེ་མདའ་བཙུགས་པ་དེར་སྐྲག་སྣང་
མ་བྱུང་རུང༌། ཁོ་རྒྱལ་ཁབ་ཀྱི་ཉེན་རྟོག་པ་ཞིག་ཡིན་པ་དང༌། རྒྱལ་ཁབ་ཆེན་པོ་ཞིག་གིས་མི་རིགས་ཉམ་ཆུང་ཞིག་ལ་
ཐུབ་ཚོད་དང་དྲག་གནོན་བྱེད་པར་མཚོན་ཆ་བཟོ་ཡི་ཡོད་པ་དང༌། ཁོང་ཚོས་ཆུང་ས་ཞིག་ཏུ་འདི་འདྲ་བྱེད་ཀྱི་ཡོད་
ཚེ། ཆེ་ས་ན་ད་དུང་མང་པོ་བྱེད་ཀྱི་ཡོད་པ་རེད། བོད་པ་ཚོར་དྲག་གནོན་དང་དམར་གསོད། ཁོ་ཚོས་མཚོན་ཆ་གཏད་
ནས་སྐད་ཆ་དེ་འདྲ་བཤད་ཐུབ་པ་དེར་ང་ཧ་ལས་སོང༌། ང་ཚོ་བོད་པ་ཚོ་བསད་ནས་རོ་གད་སྙིགས་ལ་གཡུག་ཀྱང་
བདག་པོ་མེད། གཞན་གྱིས་ཤེས་ཀྱི་མ་རེད་ཟེར། གཞན་གྱི་སྒོའི་ཁྱི་དང་ཕག་པ་བསད་ཀྱང་བདག་པོ་ཡོད། ང་ཚོ་བོད་
པ་བསད་ན་བདག་པོ་མེད་དོན་ཅི་ཡིན་ནམ། ང་ཚོར་རང་མིའི་ཕུང་པོ་ལའང་བདག་པོ་བརྒྱབ་མི་ཆོག་ཟེར་བ་ག་རེ་
རེད། དེ་དུས་ངས་མི་རིགས་འདྲ་མཉམ་མེད་པའི་ལྟ་ཚུལ་ཞིག་མཐོང་སོང༌།
ཁོང་ཚོས་ང་ལ་སྐད་ཆ་མང་པོ་ཞིག་དྲིས་པའི་གཅིག་ནི། ཁྱོད་ལ་ཏཱ་ལའི་བླ་མས་ངན་སྐུལ་བྱས་པ་ཡིན་ནམ། ད་
ལྟའི་འཕྲོག་སྲེག་གཏོར་བཅོམ་དེ་ཏཱ་ལའི་བླ་མས་ངན་སྐུལ་བྱས་པ་ཡིན་ནམ། ཁྱོད་ལ་ཏཱ་ལའི་བླ་མར་ལྟ་ཚུལ་ཅི་ཞིག་
ཡོད་ཅེས་དྲིས་བྱུང༌། ང་ལ་མཚོན་ན་ནང་པ་སངས་རྒྱས་པའི་རྗེས་འཇུག་ཅིག་ཡིན། ཏཱ་ལའི་བླ་མ་ང་རང་གི་སྲོག་
དང་སྙིང༌། རྣམ་ཤེས་ལྟ་བུ་ཞིག་ཡིན། བོད་མི་ས་ཡ་དྲུག་ལ་མཚོན་ན་རྒྱལ་བ་རིན་པོ་ཆེ་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་
གནས་རེད། ཁོང་གིས་འཛམ་གླིང་ཞི་བདེ་ལ་མཛད་རྗེས་བཞག་ཡོད། ཁོང་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་
མོ་རེད། ྋརྒྱལ་བ་རིན་པོ་ཆེས་འཚེ་བ་མེད་པའི་ལམ་ཞིག་བསྐྲུན་ཡོད། ད་རེས་ཀྱི་འཕྲོག་སྲེག་གཏོར་བཅོམ་རྣམས་
ཏཱ་ལའི་བླ་མས་གོ་སྒྲིག་བྱས་པ་རེད་ཟེར་བ་དེར་གཏན་ནས་ངོས་ལེན་མེད། ཏཱ་ལའི་བླ་མས་དེ་འདྲ་ཞིག་གསུང་གི་
མ་རེད། ང་གྲྭ་པ་གྲྭ་རྐྱང་ཞིག་གིས་ཀྱང་ཡོད་ཚད་ཐམས་ཅད་སྲེག་པ་དང་བཅོམ་པ། འཕྲོག་དགོས་ཞེས་བཤད་ཐུབ་
ཀྱི་མ་རེད། ྋསྐྱབས་མགོན་རིན་པོ་ཆེ་བོད་མི་ས་ཡ་དྲུག་གི་རྣམ་ཤེས་ལྟ་བུ་ཞིག་ཡིན། ང་ཚོ་ྋསྐྱབས་མགོན་རིན་པོ་
ཆེར་ཁ་བྲལ་ཐབས་མེད། ང་ཚོ་ལོ་རྒྱུས་ཐོག་ནས་བླ་མ་དང་སློབ་མ་རེད། ད་དུང་ཡང་བླ་མ་དང་སློབ་མ་བྱས་ནས་
འགྲོ་དགོས་ཀྱི་རེད། ང་ཚོ་ཚང་མར་དད་པ་དང་ཡིད་ཆེས་རྩེ་གཅིག་ཏུ་ཡོད་ཅེས་བཤད་མྱོང༌།
ང་ཚོ་ལྟ་རྟོག་ཁང་དེར་ཉིན་ཤས་བཀག་པའི་རྗེས་བཙོན་ཁང་ལ་ཁྲིད། བཙོན་ཁང་དུ་རྒྱ་སྐད་ཀྱི་གཅིག་གཉིས་
གསུམ་ཞེས་པའི་གྲངས་ཚིག་དེ་མ་གོ་ཚེ། ཁྱོད་ཚོ་དུད་འགྲོ་རེད། ཁྱོད་ཚོ་བླུན་པོ་རེད་ཅེས་དབྱུག་པས་རྡུང་རྡེག་
བཏང་སོང༌། ང་ཚོར་རྡུང་རྡེག་གཏོང་དོན་ཅི་ཡིན་ཞེས་དྲིས་ཚེ། ཁྱོད་ཚོས་རྒྱ་སྐད་མ་ཤེས་པས་རེད་ཟེར། འོ་ན་
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་སུ་མི་རིགས་ས་གནས་རང་སྐྱོང་དང་མི་
རིགས་རང་གི་སྐད་ཡིག་བེད་སྤྱོད་བྱེད་དགོས་པ་དང༌། ས་གནས་མི་རིགས་དེར་དབང་ཆ་འཛིན་པའི་ཐོབ་ཐང་
སྤྲོད་དགོས་ཞེས་འཁོད་ཡོད། བོད་ཀྱི་ས་ཐོག་ཏུ་བོད་ཡིག་བོད་སྐད་མ་བཀོལ་ནའང༌། རྒྱ་ཡིག་རྒྱ་སྐད་མི་ཤེས་པ་
ཚོ་དུད་འགྲོ་རེད། བླུན་པོ་རེད་ཅེས་རྡུང་རྡེག་བཏང་ནས་ཉལ་སར་ལྷུང་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། གྲྭ་
པ་ལའང་དཀར་ནག་གི་དབྱེ་བ་དང༌། ལོ་ན་རྒན་གཞོན་གྱི་ཁྱད་པར་མེད། དཔེར་ན་ཆུང་བ་ལོ་བཅུ་བཞི་བཅོ་ལྔ་
ཅན་དང༌། རྒན་པ་ལོ་ན་དྲུག་ཅུ་བདུན་ཅུ་ཅན་རྣམས་བཟུང༌། ངོ་རྒོལ་ལས་འགུལ་ལ་ཞུགས་ཡོད་མེད་ཀྱི་ཁྱད་
པར་མེད། ང་ཚོའི་ལུས་ལ་གྱོན་གོས་དང་རྐང་པར་ལྷམ་མེད། གྲྭ་བ་གཉིས་རེར་ལག་པ་བསྡམས་ནས་རླངས་
འཁོར་ཐོག་འབུད་ཤིང་ལྟར་གཡུགས་ནས། མི་ཁག་ཅིག་གི་མགོ་རྨས་པ་དང༌། མི་ཁག་ཅིག་གི་ལག་པ་ཆག་ཀྱང་
བཙོན་དུ་བཅུག ཁོང་ཚོར་ཟ་རྒྱུ་དང་ཉལ་ཆས་མེད་པ་མ་ཟད། ད་དུང་རྡུང་རྡེག་གཏོང་གི་ཡོད་པ་རེད། རྒྱབ་ལ་
གོས་གྱོན་རྒྱུའི་དབང་ཆ་མེད། ཟ་མ་སྐྱེལ་མཁན་མེད། ད་དུང་རྡུང་རྡེག་བཏང་བ་དེ་སྡུག་བསྔལ་ཆེན་པོ་རེད། ང་
ཚོ་ཀ་ཆུའི་བཙོན་ཁང་དུ་ཁྲིད་རྗེས། ཚང་མ་རྒྱ་ཁ་ཆེ་རེད། རྒྱ་མི་རེད། བོད་པའི་བཙོན་པ་ང་ཚོ་གཅིག་པུ་རེད། ང་ཚོས་ཉིན་ལྟར་རྐང་རྗེན་དུ་གཅིན་སྐྱག་དབོར་དགོས་པ་དང་ཐང་དེ་བཀྲུ་དགོས་པ།
བཙོན་ཁང་དུ་ང་ཚོའི་ལུས་ཀྱི་གྲྭ་ཆས་བཤུས་ནས་སྐྱ་ཆས་དམ་པོ་ཞིག་བཙན་གྱིས་གཡོགས་ཀྱི་ཡོད་པ་རེད། ང་
ནང་པ་སངས་རྒྱས་པའི་གྲྭ་པ་ཞིག་ཡིན། རང་གི་ལུས་ལ་གྱོན་པའི་གཟན་ཤམ་བཤུས་ནས་སྐྱ་ཆས་གཡོགས་པ་
དང༌། རྐང་པར་ལྷམ་མེད་པར་ལག་ལྕགས་བརྒྱབ་ནས་མོ་ཊའི་ནང་དུ་ཁྲིད་པ་ཧ་ཅང་མཐོང་ཆུང་དང་དམའ་
འབེབས་ཤིག་རེད། སེམས་ལ་སྡུག་བསྔལ་ཆེན་པོ་ཞིག་ཡོད་པ་རེད། བཙོན་ཁང་དུ་ཟ་འཐུང་སྐྱོ་བ་དང་གྱོན་གོས་
མེད་པ། ཐ་ན་གདོང་པ་བཀྲུ་བར་ཨ་ཅོར་ཞིག་ཀྱང་མེད།
ང་ལ་ཟླ་བ་གཅིག་གི་རིང་ཉིན་མཚན་མང་པོར་ལག་ལྕགས་བརྒྱབ་ནས་བཞག ད་དུང་ང་ལ་ཁྱོད་ཕྱི་ལོག་གི་
རྒྱལ་བ་རིན་པོ་ཆེ་དང༌། ཟམ་གདོང་རིན་པོ་ཆེ། ཨཀྱཱ་རིན་པོ་ཆེ་ལ་འབྲེལ་བ་འདུག ཁྱོད་ཀྱིས་ཕྱི་ལ་འབྲེལ་བ་ཡོད་
པ་ཁས་ལེན་བྱེད་དགོས། ཁྱོད་ནང་ལོག་གི་ཤེས་ཡོན་ཅན་དང་དགེ་བའི་བཤེས་གཉེན་རྣམས་ལའང་འབྲེལ་བ་
འདུག ཁྱོད་ཀྱིས་ནང་ཁུལ་དུ་བྱ་བ་ཅི་ཞིག་བསྒྲུབས་ཀྱང་ནུས་པ་ཐོན། ཁྱོད་ཚོགས་པ་འཛུགས་མཁན་གྱི་འགོ་ཁྲིད་
རེད། ཁྱོད་ཀྱིས་ཞིང་ཆེན་མང་པོར་ཁ་པར་བཏང་ནས་ལས་དོན་ཅི་ཞིག་བསྒྲུབས་པ་ཡིན། བོད་ཀྱི་རྒྱལ་དར་གང་
དུ་དཔར་བརྒྱབ་པ་ཡིན། གྲངས་ཀ་ཅི་ཙམ་ཡོད། ཚོགས་པ་དེར་ཚོགས་མི་ཅི་ཙམ་ཡོད། ཁྱོད་ཀྱིས་ནག་ཉེས་དེ་ཚོ་
ཁས་ལེན་མི་བྱེད་ཀ་མེད་ཡིན་ཞེས་རྐང་པ་ས་ལ་མ་ཐུག་པར་ཆུ་ཚོད་འགའ་ཞིག་ལ་ལག་པ་གནམ་ཐག་བརྒྱབ་
ནས། ངའི་གདོང་པ་དང་བྲང་ཁོག་སྟོད་སྒལ་སོགས་ལ་ཁུ་ཚུར་གཞུས། མཐའ་མར་ང་དྲན་པ་འཐོར་ནས་སྨན་ཁང་
དུ་ཁྱེར་འདུག སྨན་ཁང་དུ་དྲན་པ་སོས་རྗེས་སླར་ཡང་ལྟ་རྟོག་ཁང་ལ་ཁྲིད་ནས་གཅར་རྡུང་བྱས་ཤིང་གནམ་ཐག་
བརྒྱབ། ང་བསྐྱར་དུ་དྲན་པ་འཐོར་ནས་སྨན་ཁང་ལ་ཁྱེར། ཉི་མ་གཉིས་ཀྱི་རིང་ལྟ་རྟོག་ཁང་དུ་རྡུང་རྡེག་བསྟུད་
མར་བཏང་ནས་ཁ་ལ་ཟས་དང་ཆུ་ཐིགས་པ་ཞིག་མེད། ངའི་ཕོ་བ་དང་བྲང་ཁོག་ལ་ན་ཟུག་བརྒྱབ། ང་ཉི་མ་དྲུག་
གི་རིང་དེར་སྨན་ཁང་དུ་དྲན་པ་མ་སོས་པ་དང་མིག་ཕྱེ་མ་ཐུབ་པ། ཁ་གྲག་མ་ཐུབ་པར་ལུས། མཐའ་མཇུག་ང་
འཆི་གྲབས་ཡོད་པའི་སྐབས་དེར་ནང་མིར་རྩིས་སྤྲོད་བྱས་ཀྱང༌། ཁོང་ཚོས་ཞིང་ཆེན་གྱི་འགོ་ཁྲིད་ཚོར་མི་འདིར་
རྡུང་རྡེག་བཏང་མེད་ཅེས་རྫུན་བཤད་པ་དང༌། ངའི་ནང་མི་ཚོར་ཡང་རྫུན་བཤད། ང་ལའང་རྡུང་རྡེག་བཏང་
མ་སོང་ཞེས་ཡི་གེ་ཞིག་ལ་མཛུབ་ཐེལ་བརྒྱབ་ཏུ་བཅུག ངས་ཉི་མ་ཉི་ཤུ་ཙམ་ལ་སྨན་ཁང་དུ་རྒྱ་སྒོར་ཁྲི་ཚོ་གཉིས་
ལྷག་འགྲོ་གྲོན་བཏང་ནས་སྨན་བཅོས་བྱས།
ང་དགོན་པར་ཕྱིར་ལོག་བྱེད་དུས་གྲོགས་པོ་ཚོས་དགོན་པའི་གྲྭ་པ་༡༨༠ ཙམ་འཛིན་བཟུང་བྱས་སོང་ཟེར། གྲྭ་
པ་ཚོར་ནག་ཉེས་གང་ཡང་མེད། ང་ཚོའི་དགེ་བསྐོས་གཉིས་དང༌། བླ་མ་གཞུང་ལས་པའང་བཟུང༌། ཁོང་ཚོར་
མཚན་ལ་རྐང་རྩེ་ས་ལ་བཙུགས་ནས་བསྡད་བཅུག་པ་དང་སྟོད་སྒལ་ལ་མེ་མདའི་ཞབས་ཀྱིས་གཞུས། འཇིང་པར་
རྡོག་རྫིས་བཏང་ནས་ལག་འཛིན་ཁ་པར་གྱིས་བརྙན་པར་བརྒྱབ། དམག་དང་ཉེན་རྟོག་པས་གྲྭ་ཤག་གི་སྐུ་འདྲ་
དང་དངུལ་སྒོར། ཐ་ན་ཅ་ལག་དང་ཤ། ཟ་རྒྱུ་ལ་སོགས་པ་རྐུ་འཁྱེར་བྱས་པ་དེ་ལ་བལྟས་ཚེ། འཕྲོག་བཅོམ་བྱེད་
མཁན་དང༌། མི་གསོད་མཁན་ངོ་མ་དེ་གུང་ཁྲན་ཏང་གི་དམག་མི་རེད། ཁོང་ཚོས་ཁྲིམས་འགལ་བྱས་པ་དང་
ང་ཚོའི་མགོར་གཡོགས་ནས། ང་ཚོར་རྡུང་རྡེག་དང་མནར་གཅོད་བཏང༌། བོད་པ་དམར་གསོད་བྱེད་ཀྱི་ཡོད་
རུང༌། ད་དུང་ང་ཚོ་ཏཱ་ལའི་རུ་ཚོགས་ཀྱི་ཁ་ལ་ཉན་ནས་མི་མང་ལ་ངན་སྐུལ་དང་ཟིང་འཁྲུག་བསླངས་པ་རེད་
ཅེས་ནག་ཉེས་བཙུགས། དངོས་གནས་མི་རིགས་འདྲ་མཉམ་དང་སྨྲ་བརྗོད་རང་དབང་ཡོད་པ། ཆོས་ལུགས་དད་
མོས་ཀྱི་རང་དབང་ཡོད་ཚེ། ང་ཚོས་མིག་གིས་མཐོང་སར་ྋརྒྱལ་བ་རིན་པོ་ཆེའི་སྐུ་པར་ལ་རྐང་བཅག་བྱས་པ་
དང༌། སྐུ་པར་རྩབ་ཧྲལ་བཏང་བ་དེར་དངུལ་སྒོར་གྱིས་ནམ་ཡང་རིན་ཐང་གཞལ་ཐུབ་ཀྱི་མ་རེད། བོད་པ་ཚོས་
ཤེལ་སྒོ་ཁག་འགའ་ཞིག་བཅག་པར་སྒོར་མོ་དུང་ཕྱུར་མང་པོ་གྱོང་གུད་ཕོག་སོང་ཟེར་གྱི་ཡོད་ན། ང་ཚོའི་སེམས་
ནས་དད་པ་བྱེད་ས་བླ་མ་དེའི་སྐུ་པར་ལ་རྐང་རྫིས་བྱས་པར་དངུལ་སྒོར་གྱིས་རིན་ཐང་གཞལ་ཐབས་ཡོད་པ་མ་
རེད། གསར་འགོད་པར་སྐད་ཆ་བཤད་མཁན་བླ་བྲང་གི་གྲྭ་པ་ཞིག་ལ་དབྱུག་རྡུང་བྱས་ནས་རྐང་པ་བཅག མི་ལ་
ལའི་མགོ་དང་ཁའི་ནང་ལ་གློག་རྒྱུག་གཞུས། མི་དེ་ཚོའི་ལུས་ལ་གློག་བཏང་ནས་ཀླད་པར་སྐྱོན་ཕོག ད་ལྟ་རིག་
འཚོ་མི་ཟིན་པར་གྱུར་ཡོད། དེ་ལྟ་བུའི་མནར་གཅོད་མྱངས། རྒྱལ་སྤྱིའི་གསར་འགོད་པ་དང༌། མཉམ་འབྲེལ་རྒྱལ་
ཚོགས་ཀྱི་རྟོག་ཞིབ་པ་བོད་ལ་ཕེབས་རྒྱུ། ཁོང་ཚོས་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་བྱེད་རྒྱུ་དང༌། ཞིབ་
འཇུག་བྱས་ནས་བཤད་ཐུབ་རྒྱུ་ང་ཚོའི་རེ་བ་གཙོ་བོ་ཡིན། རྒྱ་ནག་གིས་ང་ཚོར་ཁྲིམས་འགལ་བྱས་སོང་ཞེས་གཅར་
རྡུང་དང་འཛིན་བཟུང༌། ད་དུང་མི་མང་པོ་ཞིག་བསད་པ་དང༌། མི་མང་པོ་ཞིག་རི་ལ་བྲོས་ནས་ཕྱིར་རང་ཁྱིམ་དུ་
ཕྱིར་ལོག་བྱེད་ཐུབ་མེད། འཛམ་གླིང་གི་གསར་འགོད་པ་ཚོས་གནས་ཚུལ་འདི་ཚོར་རྒྱུས་ལོན་བྱས་ནས་གསལ་
བསྒྲགས་བྱས་ན་ཧ་གོ་ཡི་རེད། ང་ཚོར་ྋརྒྱལ་བ་རིན་པོ་ཆེས་ངན་སྐུལ་བྱས་པ་ཡིན་མིན་དང༌། རྒྱལ་བ་རིན་པོ་
ཆེས་དེ་འདྲ་ཞིག་གཏན་ནས་གསུངས་མེད། ང་ཚོ་མང་པོ་ཞིག་ྋརྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་དང༌། ཞི་
བའི་གྲོས་མོལ་བརྒྱུད་ནས་བོད་དོན་ཐག་གཅོད་བྱེད་རྒྱུ་དེར་རྒྱབ་སྐྱོར་ཡོད། འོན་ཀྱང་ང་ཚོའི་ཐོག་ཏུ་དྲག་གནོན་
ཆེན་པོ་ཞིག་བྱས་པར་སེམས་པ་སྐྱོ། དེ་རིང་ངས་གསར་འགོད་པ་བརྒྱུད་ནས་བོད་པ་བསད་པ་དང༌། ད་ལྟ་བཙོན་
ཁང་དུ་མནར་གཅོད་མྱོང་བཞིན་པ། རི་ལ་བྲོས་ནས་རང་ཁྱིམ་དུ་ཕྱིར་ལོག་བྱེད་ཐུབ་ཀྱི་མེད་པ་ཚོའི་དཀའ་ངལ་
ལ་བདེན་དཔང་དང༌། འཛམ་གླིང་མི་མང་ལ་དྲང་བདེན་གྱི་སྒོ་ནས་ཁྱབ་བསྒྲགས་བྱེད་ཐུབ་པའི་རེ་བ་ཡོད།
ངའི་གྲྭ་ཤག་ལ་སྤྱི་བདེ་ལས་ཁང་དང་གསང་བའི་ལས་ཁང༌། ལས་དོན་རུ་ཁག་ཡོང་ནས་ང་ལ་ལྟ་རྟོག་བྱེད་
པ་དང༌། ད་དུང་མི་གཅིག་ཆེད་དུ་ང་ལ་ལྟ་རྟོག་བྱེད་དུ་བཞག་ཡོད། ཕྱི་ལ་འགྲོ་མི་ཆོག་པ་དང་ཁ་པར་གཏོང་
མི་ཆོག་པ། རྩ་ཁྲིམས་ཀྱི་དཔེ་དེབ་སློབ་སྦྱོང་བྱེད་དགོས་པར། ང་ལ་རང་སྐྱོན་ངོས་ལེན་གྱི་ཡི་གེ་འབྲི་དགོས་ཟེར། ང་བཙོན་ཁང་དུ་བཅུག་མེད་པ་ཙམ་ལས་རང་དབང་ཅི་ཡང་མེད། དེང་སྐབས་ང་ཚོའི་ཐོག་ཏུ་ལས་འགུལ་
རིམ་པ་ཞིག་སྤེལ་གྱི་ཡོད་པ་བླ་བྲང་གཅིག་པུ་དང་ཨ་མདོ་གཅིག་པུ་མ་རེད། འདི་ནི་མདོ་དབུས་ཁམས་གསུམ་
ལ་འབྱུང་བཞིན་ཡོད། བོད་པ་མང་པོ་ཞིག་དམར་གསོད་བྱས་པ་དང༌། མི་མང་པོ་ཞིག་ལ་དྲག་གནོན་དང་
འཛིན་བཟུང༌། ང་ཚོས་གོ་ཐོས་ལ་བོད་པ་༢༠༠ ལྷག་བསད་པ་དང་མི་སྟོང་ཕྲག་འགའ་ཞིག་འཛིན་བཟུང་བྱས་
འདུག་ཟེར། ད་དུང་ཡང་འཛིན་བཟུང་དང་གཅར་རྡུང་བྱེད་ཀྱི་ཡོད་པ་རེད། ང་ཚོར་གསར་འགྱུར་གྱི་བརྒྱུད་
ལམ་བཀག གསར་འགྱུར་ལ་བལྟ་མི་ཆོག་པ་དང་བརྙན་འཕྲིན་གྱི་སླང་སྡེར་ཡོད་སར་འགྲོ་མི་ཆོག ཨ་རི་དང་
ཕྱི་རྒྱལ་ནང་གི་གསར་འགྱུར་དང་བརྙན་འཕྲིན་ལ་བལྟ་མི་དགོས་ཟེར་བ་དང༌། ཕྱི་རྒྱལ་གྱི་མིའི་སྐད་ཆར་ཉན་
མི་ཆོག ཕྱི་རྒྱལ་ལ་སྐད་ཆ་བཤད་མི་ཆོག་ཟེར། དེར་བརྟེན་སྨྲ་བརྗོད་རང་དབང་གང་དུ་ཡོད། ཆོས་ལུགས་དད་
མོས་ཀྱི་རང་དབང་གང་དུ་ཡོད་དམ། བོད་མི་མང་གི་དཀའ་ངལ་སྣ་ཚོགས་ཤིག་མྱོང་བཞིན་ཡོད། ང་སྒེར་ལ་
མཚོན་ན་བླ་བྲང་དགོན་པའི་གྲྭ་པ་ཞིག་དང༌། ད་ལོ་འཛིན་བཟུང་བྱས་པའི་མི་ཞིག་ཡིན། ངས་ཁོང་ཚོའི་གདོང་
ལ་བལྟས་ནས་སྐད་ཆ་འདི་འདྲ་ཞིག་བཤད་ཡོད། ཁྱོད་ཚོས་ང་བསད་ན་ཚར་བ་རེད། གལ་ཏེ་ང་ཕྱི་ལ་ཐར་ནས་
སྐད་ཆ་ཞིག་བཤད་ཐུབ་པའི་གོ་སྐབས་བྱུང་ཚེ། ང་རང་གིས་མནར་གཅོད་ཇི་ལྟར་མྱངས་པ་དང༌། གྲོགས་པོ་ཚོའི་
མགོ་ལ་སྡུག་བསྔལ་ཅི་ཙམ་ཡོང་བ་རྣམས་འཛམ་གླིང་མི་མང་ལ་བདེན་དཔང་བྱེད་རྒྱུ་དང༌། ངས་གསར་འགྱུར་
བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞེས་བཤད་ཡོད། ང་གློད་གྲོལ་གཏོང་དུས་ཀྱང་རྡུང་རྡེག་བཏང་
སོང་ཟེར་མི་ཆོག ཕྱི་ལ་འབྲེལ་བ་བྱེད་མི་ཆོག་ཅེས་ཉེན་བརྡ་བཏང་སོང༌། འོན་ཀྱང་ང་རང་གིས་མནར་གཅོད་
མྱངས་པ་དང་གྲོགས་པོ་ཚོས་གདུག་རྩུབ་མྱངས་པ་རྣམས་མ་བཤད་པར་སྡོད་ཐབས་མེད། ངས་དེ་རིང་བཤད་
དགོས་པའི་རྒྱུ་མཚན་དེ་ཡིན། ད་དུང་བོད་ཀྱི་ས་གནས་ཁག་ཏུ་དམ་དྲག་དང༌། བོད་པ་ཚོར་འགྲིམ་འགྲུལ་
བཀག དེང་སྐབས་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཀྱང་ང་ཚོར་བལྟ་རྒྱུའི་གོ་སྐབས་མ་སྤྲད། ང་ཚོ་པེ་ཅིང་དང་
ལན་ཀྲུའུ་ལ་འགྲོ་མི་ཆོག་པ་དང༌། ས་གནས་ནས་ཀྱང་ང་ཚོས་ཚོང་བརྒྱབ་མི་ཆོག་པ་དང་ཆོས་བྱེད་མི་ཆོག་པ།
རྟ་རྒྱུག་འགྲན་སྡུར་འཚོག་མི་ཆོག་པ་དང༌། དགོན་པའི་འཆམ་འཁྲབ་མི་ཆོག་པ། བོད་མིའི་སྲོལ་རྒྱུན་འཚོ་བའི་
ནང་གི་བྱེད་སྒོ་སྣ་མང་ཞིག་སྤེལ་དུ་འཇུག་གི་མེད། ས་གནས་རེ་རེ་བཞིན་དམག་གིས་བསྐོར། བླ་བྲང་གི་རྩྭ་ཐང་
ལས་ཁུངས་ཀྱི་ར་བ་དེར་རྩྭ་ཡིས་བཟོས་པའི་འབག་སོབ་དེ་ཚོར་བོད་ཆས་གཡོགས་ནས་དེར་རྒྱ་དམག་གིས་སོད་
ཅེས་དྲག་རྩལ་སྦྱོང་གི་ཡོད་པ་རེད། ཁོང་ཚོའི་དགྲ་བོ་དེ་བོད་མི་རིགས་དང་དང་གཟན་ཤམ་གྱོན་པའི་གྲྭ་པ་
རྣམས་ཡིན། བོད་པ་འཛིན་བཟུང་བྱེད་ཀྱི་ཡོད་པ་ཚོ་ངོ་རྒོལ་ལས་འགུལ་ལ་ཞུགས་པ་ཤ་སྟག་མིན། ཁོང་ཚོས་ཅིའི
་ཕྱིར་བོད་ཆས་གཡོགས་པའི་འབག་སོབ་ལ་མེ་མདའ་བཟུང་ནས་སོད་ཟེར་གྱི་ཡོད་པ་རེད། བོད་མི་རིགས་འདི་
དགྲ་རུ་བཟུང་བའི་སྡུག་བསྔལ་མྱོང་གི་ཡོད་པ་གྲྭ་པ་གཅིག་པུ་མིན། བོད་པ་ལས་བྱེད་པ་དང་སློབ་མ། མི་མང་གི་
ནང་ལའང་ཡོད། རྒྱལ་ཁབ་ཆེན་པོ། མི་རིགས་ཆེན་པོ་ཞིག་གིས་བོད་པ་ལྟ་བུའི་མི་རིགས་ཆུང་ཆུང་དང༌། ཉམ་ཆུང་
ཞིག་གི་ཐོག་ཏུ་མཚོན་ཆ་བཀོལ་བ་དང་ལྕགས་འཁྲབ་འཁོར་ལོ་གཏོང་བ། མེ་སྒྱོགས་བཙུགས་པ་དང༌། རྒྱ་དམག་
ཁྲི་སྟོང་མང་པོས་མཐའ་བསྐོར་ནས། བོད་པ་ཁ་ལ་མི་ཉན་པ་ཚོ་གསོད་དགོས་ཟེར། དུས་རབས་ཉེར་གཅིག་པ་
འདིར་འཛམ་གླིང་མི་མང་རྣམས་ཞི་བདེའི་ལམ་དུ་བསྐྱོད་བཞིན་ཡོད། ཞི་བདེར་དགའ་བའི་མི་མང་དང༌། དྲང་
བདེན་ལ་རྒྱབ་སྐྱོར་བྱེད་པའི་མི་ཚོ་རྒྱ་ནག་གིས་འཛིན་བཟུང་བྱས། གསར་འགོད་པ་འཛིན་བཟུང་བྱེད་ཀྱི་ཡོད་པ་
རེད། མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་བ་བཅས་ཀྱིས་བོད་
ནང་གི་གནས་ཚུལ་ངོ་མ་ཤེས་ན། རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུ། དམར་གསོད་བྱེད་ཀྱི་ཡོད་པ་དང༌། བོད་པ་
འཛིན་བཟུང་བྱེད་རྒྱུ་དེ་ཚོ་མཚམས་འཇོག་བྱེད་དུ་འཇུག་རྒྱུ། ད་དུང་རི་ལ་བསྐུངས་ཡོད་པ་མཚམས་འཇོག་གིས་
རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་མཉམ་དུ་བོད་དོན་འདི་རྒྱ་བོད་གཉིས་ཕན་གྱི་སྒོ་ནས་འགྲིགས་མཐུན་ཡོང་རྒྱུ། ྋརྒྱལ་
བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་ནི། མང་ཚོགས་ཀྱི་རེ་བ་དང་འདོད་པ་ཡིན། ྋརྒྱལ་བ་རིན་པོ་ཆེ་བོད་
ལ་གདན་འདྲེན་ཞུས་པ་དང༌། བོད་རྒྱ་གཉིས་གྲོས་མཐུན་གྱི་སྒོ་ནས་གནད་དོན་ཐག་ཆོད་ཚེ། ཞི་བདེ་མི་ཡོང་དོན་
གང་ཡང་མེད། བོད་པ་ཚོས་བློ་རྩེ་གཏོད་ས་རྒྱལ་བ་པཎ་ཆེན་གཉིས་ཡིན། ྋརྒྱལ་བ་པཎ་ཆེན་གཉིས་མར་ལ་ཕུད་
ནས་མཐུན་འགྲིག་མ་ཡོང་ན། ང་ཚོ་བོད་མི་ས་ཡ་དྲུག་དང་མཐུན་སྒྲིལ་ཡོང་ས་གཏན་ནས་མེད་ཅེས་འགྲེལ་
བརྗོད་གནང་འདུག། ཨ་རིའི་བོད་སྐད་རླུང་འཕྲིན་གྱི་ཀུན་གླེང་ལས་རིམ་ནས་ཕབ་བཤུས་བྱས།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ།
ཟླ་འདིའི་ཚེས་༨ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡ་ཅིན་ཊི་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཡོད་པ་དང༌། རྒྱ་
གར་གྱི་སྲིད་བློན་དང༌། ཕྱི་སྲིད་བློན་ཆེན་སོགས་ལ་མཇལ་འཕྲད་གནང་ཡོད་པ་རེད། ཉིན་དེར་བོད་ཀྱི་གཞོན་
ནུ་ལྷན་ཚོགས་ཀྱིས་རྒྱལ་ས་ལྡི་ལིར་ཡ་ཅིན་ཊི་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང༌། དེ་ནི་བོད་ནང་
དུ་ད་ལྟའང་དྲག་གནོན་མཚམས་འཇོག་བྱས་མེད་པ་དང༌། བོད་ནང་དུ་ཆོས་དད་རང་དབང་དང༌། འགྲོ་བ་མིའི་
ཐོབ་ཐང་མེད་པར་བརྟེན། རྒྱ་མི་བོད་ནས་ཕར་རྒྱུགས། བོད་རང་བཙན་གཙང་མ་ཡིན་ཞེས་རྔམ་སྟོན་ཁྲོམ་སྐོར་
བྱས་ཡོད་པ་རེད། དེ་བཞིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་སྡོད་སའི་མགྲོན་ཁང་གི་འཁྲིས་སུ་བོད་མི་དགུ་རྒོལ་
མཆོང་གིས་ངོ་རྒོལ་བྱེད་སྐབས། རྒྱ་གར་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད། རྒྱ་ནག་གི་ཕྱི་སྲིད་
བློན་ཆེན་ཚེས་༧ ཉིན་རྒྱ་གར་གྱི་གྲོང་ཁྱེར་ཀཱ་ལི་ཀ་ཏར་འབྱོར་བ་དང༌། དེར་རྒྱ་ནག་གི་གཞུང་ཚབ་ཡན་ལག་
ཅིག་སྒོ་འབྱེད་བྱས་པ་དང༌། ཚེས་༨ ཉིན་ལྡི་ལིར་འབྱོར་ནས་རྒྱ་གར་གྱི་དཔོན་རིགས་ཚོ་དང་མཉམ་དུ་ཚོང་
འབྲེལ་གྱི་སྐོར་དང༌། ས་མཚམས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག །
ཉེས་པ་ལྔ་བཙུགས་ཡོད་འདུག
ད་ལོ་གསུམ་བཅུའི་དུས་དྲན་ཉིན་སེ་རའི་དགེ་འདུན་པ་བཅོ་ལྔས་ལྷ་སའི་བར་སྐོར་ནང་སྐད་འབོད་བྱས་པས་རྒྱ་
གཞུང་གིས་འཇུ་བཟུང་བྱས་པ་དང༌། ཕྱི་ཟླ་༣ པའི་ཚེས་༡༡ ཉིན་སེ་རའི་དགེ་འདུན་པ་ཡོངས་ཀྱིས་དགེ་འདུན་པ་
བཅོ་ལྔ་དེ་གློད་གྲོལ་གཏོང་དགོས་པ་དང༌། བོད་ལ་རང་དབང་དགོས་པའི་སྐད་འབོད་ངོ་རྒོལ་བྱས་ནས་སེ་
རའི་གྲྭ་རྒྱུན་སུམ་བརྒྱ་ལྷག་འཇུ་བཟུང་བྱས་པ་རྣམས་ཕྱི་ཟླ་༨ ཚེས་༢༨ ཡས་མས་སུ་ཕལ་ཆེ་བ་རང་རང་གི་རྫོང་
ལ་ངོ་སྤྲོད་བྱས་པ་དང༌། ཁག་ཅིག་གློད་གྲོལ་བཏང་ཡོད་ཀྱང༌། རང་ལོ་༣༧ ཡིན་པ་དབོན་པོ་རྒན་དགྲ་ལྷ་དང༌།
རང་ལོ་༣༥ ཡིན་པ་འཇམ་དཔལ་གྲགས་པ། རང་ལོ་༢༥ ཡིན་པ་བློ་བཟང་ལྷུན་གྲུབ། རང་ལོ་༤༠ ཡིན་པ་
དགུངས་ལོ་བཅས་གློད་གྲོལ་བཏང་མེད་པ་མ་ཟད། དབོན་པོ་རྒན་དགྲ་ལྷ་ལགས་རྒྱ་ནག་ལ་ངོ་རྒོལ་བྱེད་
མཁན་སེ་རའི་དགེ་འདུན་རྣམས་ཀྱི་འགོ་གཙོ་ཡིན་པ་སོགས་ཉེས་པ་ལྔ་བཙུགས་ནས་ལོ་ལྔའི་ཁྲིམས་ཐག་གཅོད་
རྒྱུ་ཡིན་པ་རྒྱ་མིས་བརྗོད་ཡོད་པ་དང༌། ད་ལྟ་གཟུགས་ཁམས་ཧ་ཅང་སྐྱོ་པོ་ཡིན་པའི་གནས་ཚུལ་འདུག་ཅེས་
སེར་བྱེས་བྱ་བྲལ་ཁང་ཚན་གྱི་གྲྭ་བློ་བཟང་ལུང་རིག་གིས་འགྲེལ་བརྗོད་གནང་སོང༌།།
བལ་ཡུལ་དུ་བོད་དོན་ཆེད་ཞི་བའི་ལས་འགུལ།
ཟླ་འདིའི་ཚེས་༩ ཉིན་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་ལས་འགུལ་དྭང་བླངས་པ་མི་༧༢ ཙམ་ཞིག་
གིས་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད། ལས་
འགུལ་བ་དེ་དག་ལས་མི་བཅུ་གྲངས་ཤིག་གིས་རས་དཀར་པོའི་ཐོག་བོད་ཀྱི་རྒྱལ་དར་དང་ཞི་བདེ་རྟགས་ཅན་ཞིག་
གྱོན་ནས་སར་ཉལ་ཏེ་ཕུང་པོ་ཡིན་ཁུལ་བྱས། དེ་ནི་བོད་དུ་ཞི་བའི་ལས་འགུལ་སྤེལ་ཡང་རྒྱ་ནག་དམར་གཞུང་གིས་
མི་གསོད་དྲག་སྤྱོད་བྱས་པའི་བོད་རིགས་སྤུན་ཟླ་འདས་པོ་རྣམས་མཚོན་བྱེད་དང༌། གཞན་རྣམས་ཀྱིས་དེའི་མཐའ་
བསྐོར་ནས་ལག་ཏུ་འཕྲེད་དར་དང་ཡིག་བྱང་སྣ་ཚོགས་བཟུང་ནས་སྐད་འབོད་བྱས། ཡིག་བྱང་དང་འགྲེམས་ཡིག་
ནང་དུ་རེ་བསྐུལ་ནི། ྋགོང་ས་མཆོག་དང་ཧུའུ་ཅིན་ཐའོ་མཉམ་བཀའ་མོལ་བྱས་ནས་བོད་ཀྱི་དཀའ་རྙོག་སེལ་
དགོས་པ་དང༌། པཎ་ཆེན་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། འགྲོ་བ་
མིའི་ཐོབ་ཐང་ཟེར་བའི་ཚིག་ཅིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚིག་མཛོད་ནང་ཡོད་ན་བོད་དུ་ལག་བསྟར་བྱེད་
དགོས། བོད་དུ་སྡེབ་གསོད་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་པ་བཅས་ཡིན། ཁོང་ཚོ་ཁག་གཅིག་ལ་ཉེན་རྟོག་
པས་རྡུང་རྡེག་ཅུང་ཟད་བྱས་པ་ལས་མི་མང་བྱིངས་ལ་དེ་ཙམ་གྱིས་རྡུང་རྡེག་བཏང་མེད། ལས་འགུལ་བ་ཕལ་མོ་ཆེ་ན་
གཞོན་ཡིན་པ་དང༌། རྒན་པ་ཁག་གཅིག་ཀྱང་མཉམ་ཞུགས་གནང་ཡོད་པ་རེད།། བལ་ཡུལ་གསར་འགོད་པས།
གསེར་རྟ་རྫོང་གི་གསར་འགོད་པ་ཞིག་འཛིན་བཟུང༌།
ཕ་ཡུལ་གསེར་རྟ་རྫོང་ཕུག་གུ་ཤང་ནས་ཡིན་པ་ཕ་ཡོན་ཏན་དང་མ་སྒྲུབ་སྐྱིད་གཉིས་ཀྱི་བུ་དབལ་ཤུལ་རང་བྱུང་གསེར་
རྟ་རྫོང་རྒྱང་བསྒྲགས་ཁང་གི་གསར་འགོད་པ་ཡིན་པ་དང༌། ཁོང་༡༩༩༨ གསེར་རྟ་རྫོང་དམའ་རིམ་སློབ་འབྲིང་ནས་སློབ་
མཐར་ཕྱིན་རྗེས། དཀར་མཛེས་ཁུལ་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་པ་དང༌། ད་ལྟ་རྒྱ་གཞུང་གི་ལས་བྱེད་ཅིག་ཡིན་པ་
རེད། ཁོང་ལོ་ཉེར་ལྔ་ནས་སུམ་ཅུའི་བར་དུ་སླེབས་ཡོད་པའི་ན་གཞོན་ཞིག་ཡིན་ཞིང༌། ཉེ་ཆར་ཕྱི་ཟླ་༩ ཚེས་༡༡ ཉིན་གྱི་
མཚན་མོ་ཆེས་མཐོའི་གསང་བའི་ལས་ཁུངས་ཀྱིས་འཛིན་བཟུང་བྱས་ཡོད་པ་མ་ཟད། ད་ལྟ་ཁོང་གང་དུ་འཛིན་བཟུང་
བཀག་ཉར་བྱས་ཡོད་མེད་དང༌། དོན་རྐྱེན་ཇི་ཞིག་ལ་བརྟེན་ནས་ཡིན་ཤེས་རྟོགས་དཀའ་བར་གྱུར་ཡོད་པ་རེད། ཁོང་གི་
དེ་སྔོན་རྩོམཡིག་མང་པོ་བྲིས་ཡོད་པ་མ་ཟད། བཙན་པོའི་བོད་ཞེས་པའི་སྒྲ་སྙན་རྡུང་ལེན་གྱི་འོད་སྡེར་ཞིག་ཀྱང་བཏོན་
ཡོད་པ་རེད།།
བྲག་མགོའི་བཙུན་མ་ཁག་ཅིག་ལ་ཁྲིམས་ཆད།
ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་༢༠༠༨ ཕྱི་ཟླ་དྲུག་པར་རྦ་དྭགས་བཙུན་དགོན་གྱི་བཙུན་མ་ཚོས་ཞི་བའི་
གྱེན་ལངས་སྐབས་སྐྱ་ར་ཚང་བཙུན་མ་ཨུ་རྒྱན་ལྷ་མོ་རང་ལོ་༣༧ དང༌། ཚེ་རིང་མཚོ་རང་ལོ་༢༧། བྲག་མགོ་སྨད་ཕྱོགས་ཀྱི་
གྲོང་སྡེ་གཞི་མདའ་བཙུན་མ་གུ་རུ་སྐྱབས་བཅས་འཛིན་བཟུང་བྱས་ཏེ་ཟླ་བ་གསུམ་ལྷག་སོང་ཡོད་པས། ཉེ་ཆར་ཕྱི་ཟླ་༩
ཚེས་༡༧ ཉིན་སྐྱ་ར་ཚང་ཚེ་རིང་མཚོ་དང་ཨུ་རྒྱན་ལྷ་མོ་གཉིས་ལ་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང༌། བཙུན་
མ་གུ་རུ་སྐྱབས་འདས་གྲོངས་ཕྱིན་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་འདུག བཙུན་མ་གུ་རུ་སྐྱབས་གྲོངས་རྐྱེན་ནི་
ཁོང་རང་ཉིད་ཀྱིས་བཙོན་ཁང་དུ་རང་སྲོག་བཅད་ཡོད་ཚུལ་གྱི་རྫུན་གཏམ་སྤེལ་ཡོད་ཀྱང༌། དོན་དངོས་ཐོག་སྤྱི་ཟླ་དྲུག་
པའི་ཚེས་༨ ཉིན་དྲག་ཆས་ཉེན་རྟོག་པས་རྫོང་གི་ཉེ་འདབས་མགོ་བཅད་ཐང་ནས་བཙུན་མ་ཚོར་རྡུང་རྡེག་འཛིན་བཟུང་
དང༌། ལག་ཆ་སོགས་ཀྱིས་ལག་པ་རྒྱབ་ལག་བྱས་ཏེ་བསྡམ་བཀྱིག་གིས་བཙོན་ཁང་དུ་བཙན་ཁྲིད་བྱས་ཏེ། དེ་གར་ཡ་ང་
སྙིང་རྗེ་སྤུ་ཙམ་ཡང་མེད་པའི་ཐོག་བཙུན་མ་རེ་རེ་བཞིན་བཙན་གྱིས་རླངས་འཁོར་ཐོག་ནས་མར་གཡུགས་སྐབས་བཙུན་
མ་གུ་རུ་སྐྱབས་ཀྱི་མགོ་བརྡབ་སྐྱོན་གྱིས་ཀླད་ཁྲག་བསྲེས་ཏེ་ཉིན་དེ་རང་ལ་འདས་གྲོངས་སུ་སོང་ཡོད་ཀྱང༌། ཟླ་བ་གསུམ་
གྱི་རིང་གནས་ཚུལ་དེ་གསང་བ་བྱས་འདུག ཡང་ཕྱི་ལོ་༢༠༠༨ ཕྱི་ཟླ་དྲུག་པའི་ཚེས་༦ ཉིན་བྲག་མགོ་ལྗང་མདའ་གྲོང་
ནས་གྲྭ་ཚེ་དབང་གྲགས་པ་དང༌། རྟའུ་ནས་ཡིན་པ་གྲྭ་ཐུབ་བསྟན་རྒྱ་མཚོ། མཚོ་སྔོན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་ནས་ཡིན་
པ་གྲྭ་བྱང་སེམས་ཉི་མ་བཅས་འཛིན་བཟུང་བྱས་ཏེ་ཟླ་བ་གསུམ་ལྷག་ཙམ་སོང་ཡོད་ནའང་ད་དུང་ཁོང་ཚོ་ལ་ཁྲིམས་
ཐག་བཅད་པ་དང༌། བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་པ། ཤི་རྨས་སོགས་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་བྱུང་
མེད་པ་རེད།།
བོད་དོན་ལས་འགུལ་བ་སྣེ་ལེན་ཁང་དུ་བཀག་ཉར།
ཉེ་ཆར་བལ་ཡུལ་དུ་བོད་དོན་སྐད་འབོད་བྱེད་མཁན་མི་༡༣༢ སྐོར་ཞིག་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་
ཏེ། མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྟ་རྟོགས་ལྷན་ཁང་ལ་རྩིས་སྤྲོད་བྱས་རྗེས་རིམ་པས་སྐྱབས་བཅོལ་ལག་
ཁྱེར་ཡོད་མེད་དབྱེ་འབྱེད་ཀྱིས་མེད་མཁན་རྣམས་རྒྱ་གར་དུ་བཏང་ནས་སྐྱབས་བཅོལ་ལག་ཁྱེར་བཟོ་རྒྱུའི་ཁྱབ་བསྒྲཌ་
བྱས་ཡོད་མོད། སྐྱབས་བཅོལ་ལག་ཁྱེར་མེད་མཁན་མི་༩༣ ཙམ་ད་དུང་ཡང་ཐག་གཅོད་གང་ཡང་མ་བྱས་པར་བལ་
ཡུལ་སྣེ་ལེན་ཁང་དུ་བཀག་ཉར་བྱས་ཡོད་པ་རེད།
ཐོག་མར་བལ་ཡུལ་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་བལ་ཡུལ་ནང་སྲིད་ལྷན་ཁང་ནས་བོད་དུ་ཕྱིར་འབུད་
བྱེད་རྒྱུའི་ཁྱབ་བསྒྲགས་སྟབས་བདེ་པོ་ཞིག་བྱས་ཡོད་པ་རེད་ལ། དེ་བཞིན་ཨ་རིའི་གཞུང་ཚབ་དང་མཉམ་འབྲེལ་
རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གཉིས་ཀྱིས་ཕྱིར་འབུད་མི་བྱེད་པའི་འབོད་སྐུལ་ཞུས་པ་བཞིན་མཉམ་
འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྟ་རྟོགས་ལྷན་ཁང་ལ་རྩིས་སྤྲོད་ཀྱིས་རྒྱ་གར་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་
པ་རེད། འོན་ཀྱང་རྒྱ་གར་གཞུང་ཚབ་ཁང་དུ་འགྲོ་རྒྱུ་ནི་སྟབས་བདེ་པོ་ཞིག་མིན་སྟབས་བོད་མི་དེ་དག་གི་འབྱུང་
འགྱུར་སྐོར་ད་ལྟ་ཐག་གཅོད་གཙང་མ་ཞིག་བྱས་མེད། འོན་ཀྱང་ཚེས་༢༢ ཉིན་བལ་ཡུལ་སྤོག་ར་ཁུལ་གྱི་གསར་
འགོད་ལྷན་ཚོགས་ཐོག བལ་གཞུང་ནང་སྲིད་བློན་ཆེན་གྱིས། བོད་པ་སྐྱབས་བཅོལ་བའི་གནད་དོན་ཐོག་རྩ་ཁྲིམས་
ཞིབ་བཤེར་གྱིས་\ཐག་གཅོད་བྱེད་པའམ་ཡང་ན་ཡུལ་མིའི་ལག་ཁྱེར་སྤྲོད་དགོས་པ་གང་བྱེད་དགོས་མིན་མགྱོགས་
པོར་ཐག་གཅོད་བྱེད་རྒྱུ་ཡིན་ཞེས་དང༌། བལ་ཡུལ་དུ་གནས་སྡོད་སྐྱབས་བཅོལ་ལག་ཁྱེར་ཡོད་མཁན་བོད་པ་
༡༤༠༠༠ ཙམ་ཡོད་པ་དེ་ནི་༡༩༨༥ སྔོན་དུ་བལ་ཡུལ་དུ་འཛུལ་ཞུགས་བྱས་པ་དག་ཡིན། བལ་གཞུང་གིས་སྐྱབས་
བཅོལ་ལག་ཁྱེར་སྤྲོད་རྒྱུ་བཀག་ནས་བཟུང་ལོ་རེ་བཞིན་ཕལ་ཆེར་མི་༢༥༠༠ བལ་ཡུལ་དུ་ཡོང་གི་ཡོད་པ་དེ་དག་
ལས་ཕལ་མོ་ཆེ་ལག་ཁྱེར་མེད་པའམ་ཁྲིམས་འགལ་གྱིས་སྡོད་པ་ཤ་སྟག་རེད། གལ་ཏེ་ང་ཚོས་འདི་བཀག་མ་ཐུབ་
ན་ང་ཚོའི་རྒྱལ་ཁབ་རྒྱལ་ཁབ་མ་རེད་ཅེས་དང༌། ཡང་ཁོང་གིས།བལ་གཞུང་གིས་བལ་ཡུལ་གྱི་ས་ཆ་གཞན་ལ་ངོ་
རྒོལ་གྱི་བེད་སྤྱོད་ལོག་པ་བྱེད་མཁན་བཀག་སྡོམ་དང༌། ངོ་རྒོལ་བྱེད་མཁན་རྣམས་འཛིན་བཟུང་བྱས་ཏེ་རིམ་པས་
ལག་ཁྱེར་ཡོད་མེད་ཞིབ་བཤེར་གྱིས་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྟ་རྟོགས་ལྷན་ཁང་ལ་རྩིས་སྤྲོད་བྱེད་
རྒྱུ་ཡིན། ཞེས་དང༌།བོད་པར་རང་དབང་སྤྲད་ཡོད་པ་དེ་བོད་པས་བེད་སྤྱོད་ལོག་པ་གཏོང་རྒྱུ་ཡིན་ཚེ་ཁྲིམས་ལུགས་
ལག་བསྟར་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། དེ་བཞིན་བལ་ཡུལ་གནས་སྡོད་རྒྱ་ནག་གཞུང་ཚབ་ཆེན་མོས། བལ་གཞུང་གིས་བོད་པ་ལས་འགུལ་སྤེལ་མཁན་ཐོག་རྒོལ་ལན་ལག་བསྟར་བྱས་པར་དགའ་མོས་བྱུང་ཚུལ་བཅས་
བཤད་ཡོད་པ་རེད།།
———
Back