སྨན་པའི་མཚན་གནས།
25/03/2009 23:37
སྨན་པའི་མཚན་གནས་འཕར་སྟངས་མིང་དོན་མཚུངས་དགོས།
འདོན་སྤེལ། ༢༠༠༩/༠༣/༢༤ དུས་བབ།
ང་ཚོས་རྒྱལ་སྤྱིའི་འགྲོ་སྟངས་དང་འཚམས་པའི་ཁ་ཡོད་ལག་ཡོད་ཀྱི་ནུས་པ་ཐོན་ཡོད་པ་བཞིན། སྨན་པ་སོ་སོའི་མཚན་གནས་འཕར་ཕྱོགས་དེ་དངོས་ནས་མིང་དོན་མཚུངས་བ་ཞིག་འབྱུང་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་གིན་ཡོད། ང་ཚོས་གཞུང་ལུགས་དང་ལག་ལེན་གཞིར་བཞག་སྟེང༌། དེང་དུས་ཀྱི་འགྲོ་ལུགས་དང་མཐུན་པའི་ཚད་གཞི་འཇོག་སྟངས་དེ་གལ་ཆེན་དུ་མཐོང་སྟེ། སྨན་པའི་ལྷན་ཚོགས་འདི་སྐོང་ཚོགས་བྱས་པ་ཡིན་ཟེར།
དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང༌། བཞུགས་སྒར་སྨན་རྩིས་ཁང་དུ་ཉིན་གཉིས་རིང་གི་བཙན་བྱོལ་བོད་མིའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༢ པ་དེ་འཚོགས་ཡོད་པ་དང༌། ཚོགས་ཆེན་སྟེང་སྐུ་མགྲོན་གཙོ་བོ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་སྐུ་ཚབ་དང༌། ཤེས་རིག་ཟུང་དྲུང་བཀྲ་ཤིས་དོན་འགྲུབ། ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་རྡོ་རྗེ་དབང་ཕྱུགས། དེ་བཞིན་གསོ་རིག་ཆེད་མཁས་པ་ ༢༠ ལྷག་བཅས་འདུ་འཛོམས་ཐོག གསོ་བ་རིག་པའི་སློབ་གཉེར་ཁང་རྣམས་ཀྱི་སྨན་པ་དཀའ་བཅུ་བའི་ཤེས་ཡོན་སློབ་ཚན་དང༌། ཆེས་མཐོའི་སྨན་པའི་ཤེས་ཡོན་གཞུང་ཚད་དང་མཚན་གནས་འཕར་སྟངས། ལག་ཁྱེར་ཕུལ་ཕྱོགས་སོགས་ལ་བགྲོ་གླེང་གོ་བསྡུར་གནང་ཡོད།
སྐབས་དེར་བཙན་བྱོལ་བོད་མིའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་རབ་བརྟན་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་དང་འབྲེལ་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་དམིགས་ཡུལ་བརྗོད་དོན། བཙན་བྱོལ་བོད་མིའི་གསོ་བ་རིག་པའི་སྨན་པ་དཀའ་བཅུ་པ་དང༌། སྨན་པ་རམས་འབྱམས་པ་དང༌། སྨན་པ་འབུམ་རམས་པ་སོགས་ཀྱི་སློབ་ཚན་དེ་སྔ་མོ་ནས་ཡོད་པའི་རིག་གཞུང་ཞིག་ཡིན་ལ། སྨན་པའི་ལྷན་ཚོགས་དེའང་བོད་གཞུང་གི་བཅའ་ཁྲིམས་དགོངས་དོན་གཞིར་བཟུང་གཏན་འབེབས་བྱས་པའི་ཚོགས་པ་ཞིག་ཆགས་ཡོད། ང་ཚོའི་དམིགས་ཡུལ་གཙོ་བོ། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་ལག་ལེན་དང༌། སྨན་དང་སྨན་སྦྱོར་ཁག་ཚད་ལྡན་ཞིག་བཟོ་ཐབས་བྱ་རྒྱུ་དེ་ཡིན་ལ། ད་ལྟའི་བར་བཙན་བྱོལ་སྤྱི་ཚོགས་ནང་ནུས་པ་གང་ཡོང་བཏོན་སྟེ་ལོ་ངོ་ ༤༠ ལྷག་འགྲོ་བཞིན་ཡོད།
བོད་ཀྱི་གསོ་བ་རིག་པ་འདི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་རིག་གཞུང་ཡིན་པའི་ཆ་ནས་ང་ཚོས་མཐོང་ཆེན་བྱ་དགོས་ལ། གཞུང་ཚད་དང་ལག་ལེན་ཕྱོགས་ཡོངས་ནས་གལ་ཆེན་དུ་འཛིན་དགོས། ད་ལྟའི་བར་སྨན་པའི་ལྷན་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་ཐོག་སྨན་པའི་ཚད་གཞི་ཟིན་བྲིས་སུ་བཀོད་དེ་ཕུལ་ཡོད། དེ་དག་སྨན་པའི་ལྷན་ཚོགས་རང་ངོས་ནས་གཏན་འབེབས་བྱས་པ་མ་ཡིན་པར། གསོ་རིག་གཞུང་ལུགས་གཞིར་བཞག་སྟེ་ཕྱི་ནང་མཁས་དབང་མང་པོའི་བསམ་ཚུལ་བསྡུ་ལེན་བྱས་ཏེ་ཟིན་བྲིས་སུ་བཀོད་པ་ཡིན། ད་ལྟ་ཆར་སྨན་པ་དཀའ་བཅུ་བ་ཙམ་དུ་མ་ཟད་སྨན་རམས་པ་དང༌། འབུམ་རམས་པའི་གནས་ཚད་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་ཆགས་ཡོད། སྨན་པ་སོ་སོའི་མཚན་གནས་འཕར་སྟངས་དེ་དངོས་ནས་མིང་དོན་མཚུངས་བ་ཞིག་འབྱུང་རྒྱུ་ཧ་ཅང་གལ་ཆེན་ཡིན་ལ། ང་ཚོས་གཞུང་ལུགས་དང་ལག་ལེན་གཞིར་བཞག་དེང་དུས་ཀྱི་འགྲོ་ལུགས་དང་མཐུན་པའི་ཚད་གཞི་འཇོག་སྟངས་དེ་གལ་ཆེན་དུ་མཐོང་སྟེ། སྨན་པའི་ལྷན་ཚོགས་འདི་སྐོང་ཚོགས་གནང་བ་ཡིན། ཞེས་བརྗོད་བྱུང༌།