སློབ་སྦྱོང་ལ་རག་ལས་ཡོད
23/10/2009 18:36
བོད་ཀྱི་མ་འོངས་པ་དེ་བོད་མིར་སློབ་སྦྱོང་ཡོད་མེད་ལ་རག་ལས་ཡོད།
ང་ཚོ་བོད་པ་ཟེར་བ་འཛམ་གླིང་ཐོག་ཏུ་གསོན་པོར་གནས་ཐུབ་པ་ཙམ་གྱིས་མི་ཕན་པར་གསོན་པ་ལ་གཟི་བརྗིད་ལྡན་
པ། ཕུན་སུམ་ཚོགས་པ། དོན་སྙིང་ལྡན་པ་ཞིག་ཡོང་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། སྲོལ་རྒྱུན་གྱི་སློབ་གསོ་
དང་སྲོལ་རྒྱུན་གྱི་རིག་གཞུང་གིས་མ་འདང་བ་ཆགས་པ་ཡིན་ན། ང་ཚོ་ཚང་མ་བོད་མི་ཁོག་པ་སྟོང་པ་ཞིག་ཆགས་པའི་
ཉེན་ཁ་ཡོད་པ་རེད་ཅེས་རྒྱལ་བ་ཀརྨ་པ་མཆོག་གིས་གསུངས་ཡོད་པ་རེད།
ཟླ་འདིའི་ཚེས་༢༣ ཉིན་དྷ་ས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་༤༩ འཁོར་བའི་མཛད་སྒོ་དྷ་སྟེང་བོད་ཁྱིམ་སློབ་
གྲྭར་འཚོགས་ཡོད་པ་དང། སྐུ་མགྲོན་གཙོ་བོ་བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་རྒྱལ་བ་ཀརྨ་པ་མཆོག་དང། བཙན་
བྱོལ་བོད་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། བོད་ཁྱིམ་དབུ་འཛིན་ཟུར་པ་བཀའ་ཟུར་རྗེ་
བཙུན་པདྨ་མཆོག་དང། བོད་ཁྱིམ་དབུ་འཛིན་ལས་ཐོག་པ་སོགས་འབྲེལ་ཡོད་མི་སྣ་ཁག་དང། ཕྱི་རྒྱལ་གྱི་སྦྱིན་བདག་
ཁག་ཅིག་ཀྱང་ཕེབས་ཡོད་པ་མ་ཟད། ས་གནས་ཀྱི་བོད་མི་སེར་སྐྱ་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱུང་ཡོད་པ་རེད།
མཛད་སྒོའི་ཐོག་རྒྱལ་བ་ཀརྨ་པ་མཆོག་གིས་གསུང་དོན། བོད་མི་ཟེར་བ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་པ་པོ་དང།
ལྟ་སྐྱོང་བྱེད་པ་པོ་ཞིག་ཆགས་བསྡད་ཡོད་རེད། བོད་ཀྱི་རིག་གཞུང་བོད་མིའི་བླ་སྲོག་ལྟ་བུ་ཆགས་བསྡད་ཡོད་རེད།
དེར་བརྟེན་དེ་གཉིས་ཕན་ཚུན་ཁ་བྲལ་ཐབས་མེད་པའི་འབྲེལ་བ་ཞིག་ཡོད་པ་བཤད་མི་དགོས་པ་ལྟ་བུ་ཞིག་རེད། དེང་
དུས་བོད་པའི་སྤྱི་ཚོགས་ནང་ལ་ཤུགས་རྐྱེན་འདྲ་མིན་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དང།
སློབ་སྦྱོང་བྱེད་པའི་གོ་སྐབས་དང་དོ་སྣང་ཉུང་དུ་འགྲོ་ཡི་ཡོད་པའི་བཟོ་ལྟ་བུ་ཞིག་འདུག ང་སྐབས་རེ་སློབ་གྲྭ་དང་
འཛིན་གྲྭའི་ནང་ལ་འགྲོ་ཙམ་བྱེད་ཀྱི་ཡོད་རེད།
བོད་ནས་ཚུར་སླེབས་ནས་ལོ་གཅིག་གཉིས་ལས་ཕྱིན་པའི་མེད་པའི་སློབ་ཕྲུག་ཚོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་
དོ་སྣང་གང་འཚམས་ཡོད་པ་ལྟ་བུ་ཞིག་མཐོང་གི་འདུག འོན་ཀྱང་འཛིན་གྲྭ་བདུན་པ་དང་བརྒྱད་པ་ལ་ཡར་སླེབས་
དུས་མ་གཞི་དབྱིན་ཇིའི་སློབ་ཚན་མང་པོ་ཡོད་དུས་དེ་འདྲའི་ཁྱད་པར་མིན་འགྲོ། མང་ཆེ་བ་དབྱིན་ཇིའི་སྐད་ཡིག་
དང་སྦྱོང་ཚན་ལ་དོ་སྣང་ཆེ་བ་བྱེད་ཀྱི་ལྟ་བུ་མཐོང་སོང། དེ་ངས་ཧོབ་སྟེ་བལྟས་པའི་གནས་ཚུལ་ཞིག་རེད། ཏན་ཏན་
ཡོད་མ་རེད་དེ། དེ་དང་དེ་འདྲའི་གནས་ཚུལ་མང་པོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལ་ཡོང་གི་ཡོད་ས་རེད།
དེར་བརྟེན་བོད་ཀྱི་མ་འོངས་པ་དེ་བོད་མི་ལ་སློབ་སྦྱོང་ཡོད་མེད་དང་ཤེས་ཡོན་ཡོད་མེད་ལ་རག་ལས་ཡོད་པ་རེད།
བོད་ནང་གི་ན་གཞོན་ཚོ་ནི་རྒྱ་རིགས་ཅན་གྱི་སློབ་གསོའི་འོག་ཏུ་ཚར་ལོངས་ཡོང་བཞིན་པ་རེད། རྒྱ་རིགས་ཅན་གྱི་
གནོན་ཤུགས་དེ་ཉིན་རེ་ནས་ཉིན་རེ་གོང་འཕེལ་དུ་འགྲོ་ཡི་ཡོད་རེད། རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་བོད་པའི་
ན་གཞོན་ཚོ་བོད་པའི་སྐད་ཡིག་དང་རིག་གཞུང་ལ་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད་པ་ཡིན་ན་ཡང། ད་དུང་མི་རིགས་
གཞན་གྱི་སྟོབས་ཤུགས་མང་པོ་ཡོད་པའི་གནས་ཚུལ་ཡོད་པ་རེད། ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་པའི་ན་གཞོན་ཚོ་
ནི་དེ་བས་ཀྱང་ཕྱིའི་རིག་གཞུང་སྟོབས་ཆེ་བའི་རྐྱེན་གྱིས་མདོར་ན། ས་ཕྱོགས་གང་སར་ཡོད་པའི་བོད་ཀྱི་ན་གཞོན་
ཚོས་སྐད་ཡིག་སློབ་སྦྱོང་དང། བོད་ཀྱི་ལོ་རྒྱུས་ཉམས་ཞིབ་བྱེད་པ། རིག་གཞུང་གི་འདུ་ཤེས་སོགས་ཁོར་ཡུག་དང་
དུས་ཚོད་ཀྱི་དབང་གིས་ཉུང་ནས་ཉུང་དུ་འགྲོ་ཡི་ཡོད་ས་རེད། དེ་ང་ཚོ་ཚང་མས་སེམས་ཁྲལ་བྱེད་དགོས་པའི་གནས་
སྟངས་ཤིག་རེད་བསམ་གྱི་འདུག་ཅེས་དང། མུ་མཐུད་གསུང་དོན། ང་ཚོས་ངེས་པར་དུས་ཚོད་དམ་འཛིན་བྱས་ནས་
སློབ་སྦྱོང་བྱེད་པའི་གོམ་པ་དེ་མགྱོགས་སུ་གཏོང་དགོས་པ་ཞིག་དང། འབད་བརྩོན་ཆེན་པོའི་སྒོ་ནས་བོད་ཀྱི་རིག་
གཞུང་གི་སྙིང་བཅུད་དེ་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག སྲོལ་རྒྱུན་གྱི་སློབ་གསོ་ཙམ་དུ་མ་
ཟད་དེང་དུས་ཀྱི་སློབ་གསོ་ལའང་དོ་སྣང་བྱེད་དགོས་པ་རེད། དེང་དུས་ཀྱི་ཤེས་བྱ་འདྲ་མིན་དང། ནུས་པ་འདྲ་མིན་
ཡོད་པ་གང་ཐུབ་ཐུབ་བླངས་ནས་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ལ་གོ་ཆོད་ཐག་ཆོད་ཀྱི་མི་ཞིག་ཆགས་པ་བྱེད་
རྒྱུ་གལ་ཆེན་པོ་རེད། དུས་རྒྱུན་ནས་སློབ་སྦྱོང་བྱས་པ་ཙམ་མིན་པར་སློབ་སྦྱོང་དེ་ནུས་པ་ཐོན་པ་ཞིག་དང། བོད་ཀྱི་སྤྱི་
ཚོགས་དང་བོད་ཀྱི་མ་འོངས་པར་ཞབས་འདེགས་སུ་འགྱུར་ངེས་པ་ཞིག་དགོས་པ་ཡིན་སྟབས། སློབ་སྦྱོང་སྣ་ཟིན་སྤུ་ཟིན་
ཙམ་བྱེད་པ་གཅིག་པུས་མི་འགྲིག་པར་ང་ཚོས་ངེས་པར་དུ་ཆེད་ལས་ཀྱི་སློབ་གསོ་དང། ཆེད་ལས་ཀྱི་བྱ་བ། སོ་སོའི་
འཇོན་ཐང་དང་སྤྲོ་སྣང་ལ་བསྟུན་ནས་འདེམས་ཁ་བྱས་ཏེ། དེའི་ཐོག་ཏུ་སློབ་སྦྱོང་གི་ནུས་པ་ཐོན་པ་བྱས་ནས་སྲོལ་རྒྱུན་
གྱི་རིག་གཞུང་དར་སྤེལ་དང། བོད་ཀྱི་མ་འོངས་པ་སྐྲུན་རྒྱུའི་ང་ཚོས་འབད་འབུངས་བྱེད་རྒྱུ་གལ་ཆེན་པོ་རེད་དྲན་གྱི་
འདུག་ཅེས་དང། ང་ཚོ་བོད་པ་ཟེར་བ་འཛམ་གླིང་ཐོག་ཏུ་གསོན་པོར་གནས་ཐུབ་པ་ཙམ་གྱིས་མི་ཕན་པར་གསོན་པ་ལ་
གཟི་བརྗིད་ལྡན་པ། ཕུན་སུམ་ཚོགས་པ། དོན་སྙིང་ལྡན་པ་ཞིག་ཡོང་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་རེད།
སྲོལ་རྒྱུན་གྱི་སློབ་གསོ་དང་སྲོལ་རྒྱུན་གྱི་རིག་གཞུང་གིས་མ་འདང་བ་ཆགས་པ་ཡིན་ན། ང་ཚོ་ཚང་མ་བོད་མི་ཁོག་པ་
སྟོང་པ་ཞིག་ཆགས་པའི་ཉེན་ཁ་ཡོད་པ་རེད་ཅེས་དང།
མཐའ་དོན་དུ་གསུང་པར། ང་ཚོས་ད་ལྟ་བར་དུ་༸རྒྱལ་བ་རིན་པོ་ཆེའི་ལམ་སྟོན་གྱི་འོག་ལ་བོད་མི་ཚོས་ལྷག་བསམ་
གདུང་ཤུགས་ཆིག་སྒྲིལ་དང། ལྷག་པར་དུ་བོད་ལ་ཡོད་མཁན་ཚོས་དངོས་གནས་ཤི་བ་སྲོག་ལ་མི་འཛེམས་པར་བོད་
ཀྱི་རྒྱལ་ཁབ་དང། བོད་ཀྱི་བདེན་དོན་གྱི་ཆེད་དུ་མུ་མཐུད་ལས་འགུལ་མང་པོ་སྤེལ་སྡོད་ཀྱི་ཡོད་པ་རེད། ང་ཚོ་བཙན་
བྱོལ་ལ་ཡོད་མཁན་ཚོ་དེ་བས་རང་དབང་ཆེ་བ་ཡོད་དུས་མི་རེ་ངོ་རེས་འགན་ཁུར་ལེན་དགོས་པ་དེ་ཧ་ཅང་གལ་ཆེན་
པོ་མིན་འགྲོ་བསམ་གྱི་འདུག སློབ་ཕྲུག་ཚོས་སོ་སོ་སྒེར་གྱིས་ནུས་པ་ག་རེ་འདོན་ཐུབ་པ་འདུག ཆོས་དང་རིག་གཞུང་
སྲུང་སྐྱོབ་ལ་ཁས་ལེན་དམ་བཅའ་ག་རེ་ཐུབ་པ་འདུག་བསམ་བློ་གཏོང་རྒྱུ་དང། ཡིད་ལ་འཇོག་དགོས་པ་གལ་ཆེན་པོ་
རེད། བོད་པའི་དེབ་ཅིག་ཡག་པོ་ཀློག་ནས་དེས་བོད་པའི་ཆོས་དང་རིག་གཞུང་ལ་བག་ཆགས་འཇོག་ཐུབ་པ་བྱེད་ཀྱི་
ཡིན་བསམ་པ་ལྟ་བུ་དེ་འདྲའི་དམ་བཅའ་འཇོག་ཐུབ་པ་ཡིན་ན་ཧ་ཅང་ཡག་པོ་འདུག་ཅེས་སོགས་བཀའ་སློབ་ཟབ་
རྒྱས་གནང་སོང། དེ་བཞིན་བོད་གཞུང་བཀའ་ཤག་དང། སྤྱི་འཐུས་གཉིས་ཀྱིས་ཀྱང་གསུང་བཤད་ལམ་སྟོན་གནང་
ཡོད་པ་དང། བོད་ཁྱིམ་གྱི་འཛིན་རིམ་བཅུ་པ་དང། བརྒྱད་པ་བཅས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་ཨང་རིམ་རྩེ་ཕུད་
རྣམས་ལ་ལག་ཁྱེར་དང་གཟེངས་རྟགས་ཀྱང་གནང་ནས་མཛད་སྒོ་ལེགས་གྲུབ་བྱུང་སོང།།
———
Back