ཚེ་བརྟན་རྡོ་རྗེ་བཙོན་འཇུག

15/06/2012 19:34

 

ཚེ་བརྟན་རྡོ་རྗེ་ལ་ཁྲིམས་ཐག་བཅད་ནས་ལོ་ལྔ་ལ་བཙོན་འཇུག་བྱེད་པ།
 
 
དེ་རིང་སྔ་དྲོར་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ་བལ་ཡུལ་གཞུང་གི་ཁྲིམས་ཁང་ཞིག་གིས་ལོ་ ༥ དང་ཟླ་ ༥ ཉིན་ ༢༥ ཡི་ཁྲིམས་ཐག་བཅད་ཡོད་འདུག
 
མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་བརྗོད་པ་ལྟར་ན། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣།༣༠ སྟེང་། ཁོང་ལ་བལ་ཡུལ་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཁ་པར་ཞིག་འབྱོར་ཏེ། བལ་ཡུལ་ཁྲིམས་ཁང་གིས་དེ་རིང་ཁོང་ལ་ཡི་གེ་ཞིག་སྤྲད་ཡོད་པའི་ནང་། ཁོང་ལ་ལོ་ ༥ དང་ཟླ་ ༥ ཉིན་ ༢༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ་འཁོད་འདུག་ཟེར་ལ། ཁ་པར་འབྱོར་སྐབས་བལ་ཡུལ་ཉེན་རྟོག་པས་ཁོ་རང་དེ་སྔའི་སྡོད་གནས་ཕྱི་མི་ཞིབ་བཤེར་ལས་ཁུངས་ནས་བཙོན་ཁང་ཞིག་ཏུ་འཁྲིད་བཞིན་པའི་སྐབས་རེད་ཟེར།  
 
སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་མུ་མཐུད་དུ་བརྗོད་དོན། “ང་ལ་ཁ་པར་འབྱོར་སྐབས་དེ་ཙམ་གསལ་བོ་མི་འདུག ཉེན་རྟོག་པ་ཚོས་ཁོ་རང་རླངས་འཁོར་ནང་འཁྲིད་བཞིན་པའི་སྐབས་རེད། ཁོ་རང་གི་ལག་འཁྱེར་གློག་ཀླད་དང་བཅའ་དངོས་གཞན་དག་ཉེན་རྟོག་པ་ཚོས་འཁྱེར་སོང་ལབ་སོང་། ཚེ་བརྟན་རྡོ་རྗེ་ཡིས་འདིའི་རྗེས་ནས་བཟུང་ངེད་གཉིས་ཕལ་ཆེར་འབྲེལ་བ་བྱེད་ཐུབ་གི་མ་རེད། ཡིན་ནའང་ངའི་ཕྱོགས་ལ་ཐུགས་འཁུར་གནང་མི་དགོས། ངས་དེ་སྔོན་ནས་བཤད་པ་ལྟར་ང་རང་གི་༼ ཞི་བའི་འཐབ་རྩོད༽ཀྱི་མཐའ་འཁྱོལ་ཆེད། ངའི་ཐད་དུ་འགྲོ་སོང་བཏང་སྟེ་བཙོན་ཁང་ནས་འདོན་རྒྱུའི་ཐབས་ཤེས་དེ་འདྲ་རྩ་བ་ནས་གནང་མི་དགོས་ལབ་སོང་” ཅེས་བརྗོད་བྱུང་།
 

བོད་སྐྱོད་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་དཀྱིལ་ཤར་རྒྱལ་ཁབ་ཨེ་སི་རིལ་ནས་རང་ཉིད་ཀྱི་བུ་ཕྲུག་དང་སྐྱེས་དམན་བཅས་བཞག་སྟེ། ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བཞུགས་སྒར་ངྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་མགོ་འཛུགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སའི་བར་བོད་དོན་ཞི་བའི་འཐབ་རྩོད་ཅེས་པའི་གོམ་བགྲོད་ཅིག་མགོ་འཛུགས་གནང་ཡོད་པ་དང་། ཁོང་དང་མཉམ་དུ་ཁོང་གི་ཨ་མ་སྡོམ་པོ་སྐྱིད་དང་གཅུང་མོ་ལྷ་མོ་སྐྱིད་རྣམ་གཉིས་ཀྱང་མཉམ་ཞུགས་གནང་ཡོད།
 
ཕྱི་ཟླ་ ༥ ཚེས་ ༡༠ ཉིན་གྱི་ཞོགས་པར་རྒྱ་གར་དང་བལ་ཡུལ་ས་མཚམས་གྷོ་ར་པུར་ཟེར་བ་ནས་བལ་ཡུལ་ཉེན་རྟོག་པས་བཀག་ཉར་བྱས་ཡོད། ཁོང་ཅག་གིས་དེ་གར་ཟས་བཅད་ངོ་རྒོལ་གནང་བ་སོགས་ཐབས་ཤེས་ཡོད་དགུ་གནང་ཡང་བལ་ཡུལ་ཉེན་རྟོག་པས་བཏང་མེད་སྟབས། ཕྱི་ཟླ་ ༥ ཚེས་ ༡༣ ཉིན་གྱི་མཚན་མོར་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཨ་མ་དང་གཅུང་མོ་གཉིས་བཞག་སྟེ་གསང་སྟབས་ཀྱིས་ཁོང་གཅིག་པུས་བོད་ཕྱོགས་སུ་མུ་མཐུད་དུ་གོམ་བགྲོད་གནང་ཡོད། ཕྱི་ཟླ་ ༥ ཚེས་ ༢༡ ཉིན་བལ་ཡུལ་རྒྱལ་སར་སླེབས་ལ་ཉེ་སྐབས་བལ་ཡུལ་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་ད་བར་གྱི་ཉིན་གྲངས་ ༢༦ རིང་། བལ་ཡུལ་ཕྱི་མི་ཞིབ་བཤེར་ལས་ཁུངས་ནས་བཀའ་བསྐྱིལ་ཞིབ་བཤེར་བྱས་ཡོད།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།