རྩོམ་པ་པོ་བྱ་མདོ་རིན་བཟང་གི་འདྲ་པར་ལ་དམ་བསྒྲཌ

05/08/2012 00:59

 

རྩོམ་པ་པོ་བྱ་མདོ་རིན་བཟང་གི་འདྲ་པར་ལ་དམ་བསྒྲཌ།

ཕྱི་ཟླ་བརྒྱད་པའི་ཚེས་༣ ཉིན་བོད་ནས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བའི་ནང༌། ཉིན་དེར་བོད་ཀྱི་མཚོ་སྔོན་མཚོ་ལྷོ་ཁུལ་མང་རྫོང་དུ་ཡོད་པའི་ཚོང་རམས་པ་ཤོ་བོ་ཐར་གྱི་ཟ་ཁང་དུ་བོད་ཀྱི་རྩོམ་པོ་སོགས་བྱས་པ་ཅན་ཚོའི་འདྲ་པར་འགྲེམས་སྟོན་བྱས་ཏེ་དྲན་གསོའི་བྱེད་སྒོ་ཞིག་སྤེལ་སྐབས། རྒྱ་ནག་གི་ཉེན་རྟོག་པས་རྩོམ་པ་པོ་བྱ་མདོ་རིན་བཟང་ནི་ངོ་ལོག་ཡིན་པ་བཤད་དེ་ཁོང་གི་འདྲ་པར་འགྲེམས་སྟོན་བྱེད་དུ་བཅུག་མེད་པ་རེད། 

བོད་ནས་གནས་ཚུལ་འབྱོར་བ་ཇི་བཞིན་ངོ་སྤྲོད་ཞུས་པ་ཡིན་ན། ཁ་སང་བོད་ཟླ་དྲུག་པའི་ཚེས་༡༦ ཉིན་གྱི་ཞོགས་པར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ། མང་རྫོང་ཉེན་རྟོག་མི་སྣ་དག་མཚོ་སྔོན་མཚོ་ལྷོ་ཁུལ། མང་རྫོང་གི་བོད་མི་ཚོང་རམས་པ་ཤ་བོ་ཐར་གྱི། ཙོང་ལ་གསལ་ཚིགས་ཁང་དུ་ཡོང་སྟེ། སུན་གཙེར་སྣ་ཚོགས་བཟོས་པ་མ་ཟད། ཁོང་གི་ཙོང་ལ་གསོལ་ཚིགས་ཁང་གི་ནང་དུ། བོད་ཀྱི་རྩོམ་པ་པོ་དང༌། སྙན་ངག་པ། བསམ་བློ་བ་དང༌། མཛད་རྗེས་ཅན་དག་གི་འདྲ་པར་སྣ་ཚོགས་བཤམས་ཏེ་དྲན་གསོ་དང་རྗེས་དྲན་བྱེད་ཀྱི་ཡོད་པ་དེ་དག་ལ་སྐྱོན་བརྗོད་བྱས་པ་དང༌། ལྷག་པར་དུ་མང་རྫོང་གི་ཉེན་རྟོག་པ་དེ་དག་གིས། འདྲ་པར་དེའི་ཁྲོད་དུ་ཡོད་པའི་བོད་ཀྱི་རྩོམ་པ་པོ་དང་བསམ་བློ་བ་བྱ་མདོ་རིན་བཟང་གི་འདྲ་པར་བཞག་མི་ཆོག་པའི་བཙན་བཀའ་བཏང་བའི་ཁར། གལ་ཏེ་ཁོང་གི་འདྲ་པར་འདི་མེད་པ་མ་བཟོས་ན། སང་ཉིན་ནས་མང་རྫོང་གི་ཡུལ་ལུང་ཐམས་ཅད་ཀྱི་མི་གཅིག་ཀྱང་ཟ་ཁང་དུ་ཡོང་དུ་བཅུག་རྒྱུ་མིན་ཞེས་འཇིགས་སྐུལ་བྱས་ཡོད་པ་དང། ད་དུང་ཉེན་རྟོག་པས། བྱ་མདོ་རིན་བཟང་ཟེར་བའི་མི་འདི་རྒྱལ་ཁབ་ལ་ངོ་ལོག་པ་དང་ནག་ཉེས་ཅན་གྱི་ཉེས་ཅན་པ་ཞིག་ཡིན་པས། མི་དམངས་ནང་ཁྱབ་བསྒྲགས་བྱེད་ཆོག་གི་མ་རེད་ཅེས་བཤད་ཡོད་པ་རེད། རྩོམ་པ་པོ་བྱ་མདོ་རིན་བཟང་གི་འདྲ་པར་འོག་ཏུ། ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ་དང༌། ངའི་ཕ་ཡུལ་དང༌། གཟབ་ཉན་གཉིས་ཀྱི་རྩོམ་པ་པོ་བློ་སྟོབས་ཅན་བྱ་མདོ་རིན་བཟང་ཞེས་རྩོམ་པ་པོ་ངོ་སྤྲོད་ཚུལ་དུ་བྲིས་པའི་ཡི་གེ་དེ་དག་ཆབ་སྲིད་དང་འགལ་བའི་གཏམ་ཞིག་ཡིན་པར་ངོས་འཛིན་བྱས་སོང་ཞེས་གནས་ཚུལ་མཁོ་སྤྲོད་པས་གསུངས་འདུག།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།