རྒྱ་ནག་གཞུང་གི་སྐྱོན་བརྗོད་ལ་ལན་འདེབས་གནང་བ།
01/06/2012 15:53
ཨོ་སི་ཊི་རི་ཡའི་གཞུང་ནས་རྒྱ་ནག་གཞུང་གི་སྐྱོན་བརྗོད་ལ་ལན་འདེབས་གནང་བ།
བོད་གཞུང་དྲྭ་རྒྱ་ལས།།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༦ རེས་གཟའ་སྤེན་པའི་ཉིན་ཨོ་སི་ཊི་རི་ཡའི་རྒྱལ་ས་ཝི་ནའི་ (Vienna) ནང་དུ་ཨོ་སི་ཊི་རི་ཡའི་སྲིད་བློན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་ཞུས་པར་བརྟེན། རྒྱལ་ས་ཝི་ནེའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་པས་སྲིད་བློན་མཆོག་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་མ་ཟད། སླར་ཡང་ཕྱི་ཚེས་ ༢༨ རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་མཇལ་འཕྲད་དེ་ནི་ཨོ་སི་ཊི་རི་ཡའི་གཞུང་ཕྱོགས་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་སྐོར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་ཀྱང། ཨོ་སི་ཊི་རི་ཡའི་སྲིད་བློན་མཆོག་གིས་གསུང་དོན། ངས་སུ་དང་མཇལ་འཕྲད་བྱེད་མིན་གྱི་དྲི་བ་དེར་ལན་འདེབས་རང་མོས་ཀྱིས་བྱེད་བཞིན་ཡོད། དེར་བརྟེན་ཐེངས་འདིར་ང་སུ་དང་མཇལ་འཕྲད་བྱེད་དགོས་མིན་གྱི་དྲི་བ་སླེབས་པར་ངས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་ལན་དེ་བདམས་པ་ཡིན། ཨོ་སི་ཊི་རི་ཡའི་རྒྱལ་ཁབ་ནི་དུས་རྟག་ཏུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཕྱོགས་སུ་ལང་མཁན་ཞིག་ཡིན་པ་དང། མཇལ་འཕྲད་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་འཚེ་མེད་ཞི་བ། གྲོས་མོལ་གྱི་ཐབས་ལམ་གོང་མཐོར་གཏོང་རྒྱུ་མ་ཟད། མནར་གཅོད་ལ་ངོ་རྒོལ་གྱི་རྣམ་པ་མཚོན་ཆེད་ཡིན་པར་བརྟེན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་ལྟ་བུའི་གང་ཟག་ཁྱད་པར་བ་མཇལ་རྒྱུར་མོས་པ་ཧ་ཅང་ཡོད་སྐོར་གསུངས་ཡོད་པ་བཅས།།
———
Back