གཞུང་ལམ་སྟེང་སྨོན་ལམ་གསུང་གི་འདུག

09/08/2012 10:52

 

གཞུང་ལམ་སྟེང་སྨོན་ལམ་གསུང་གི་འདུག

 

བོད་ཀྱི་དུས་བབ།།
ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༡།༣༠ སྟེང་རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་འཚོ་ལགས་འདས་གྲོངས་སུ་ཕྱིན་པར། བསྔོ་སྨོན་དང་ནང་མིར་སེམས་གསོའི་ཆེད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་གྲྭ་རྒྱུན་དང་། ཕྱོགས་ཕེབས་ཀྱི་སློབ་གཉེར་བ་བཅས་དགེ་འདུན་ཞལ་གྲངས་ ༣༠༠ ལྷག་གིས་སྒེར་ངོས་ནས་རླངས་འཁོར་མང་པོ་ཞིག་གླས་ཏེ་གཙོད་ཕྱོགས་སུ་བསྐྱོད་ཡོད་ཅིང་། སྐབས་དེར་བསང་ཆུ་རྫོང་ཆོས་ལུགས་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་བཅས་ཀྱི་མི་སྣ་འབྱོར་ཏེ། ཁྱེད་ཅག་འདི་ལྟར་གཙོད་ས་ཁུལ་དུ་སྐྱོད་པ་ནི་ཁྲིམས་འགལ་ཡིན་སྐོར་དང་། གལ་ཏེ་ཨུ་ཚུགས་ཀྱིས་འགྲོ་རྒྱུ་ཡིན་ཟེར་ན་རླངས་འཁོར་རྣམས་གཞུང་བཞེས་གཏོང་རྒྱུ་ཡིན་ཚུལ་སོགས་བརྗོད་ཡོད་པ་མ་ཟད། གནས་ཚུལ་འདིའི་མགོ་རྔར་ཞིབ་འཇུག་གིས་གཙང་སེལ་བཟོ་རྒྱུ་ཡིན་ཚུལ་སོགས་འཇིགས་སྐུལ་དང་བཙན་ཤེད་སྣ་ཚོགས་བྱས་ཡོད་འདུག 

 

སྐབས་དེར་གྲྭ་མང་གིས་ཉན་འཇོག་མ་བྱས་པར་རླངས་འཁོར་མེད་ཀྱང་སྐྱོན་མེད། རྐང་ཐང་འགྲོ གང་ནས་བཀག་ན་དེ་ནས་ཞི་རྒོལ་བྱ་རྒྱུ་ཡིན་གསུངས་ཏེ་དགེ་འདུན་པ་ཡོངས་དགོན་མཐའི་གཞུང་ལམ་སྟེང་ཞབས་ཐང་གིས་བཤར་ཡོད་འདུག སྐབས་དེར་དགོན་པའི་དོ་དམ་ཁང་གི་མི་སྣ་ཕེབས་ཏེ། གྲྭ་མང་ལ་ཞུ་བ་འཐེན་ཞིང་གོ་བསྐོན་སློབ་གསོ་སྣ་ཚོགས་བྱས་སྟབས། ཕར་ཚུར་ཕྱོགས་གཉིས་ཀ་ཧ་ཅང་སྐྱོ་ལྷང་ལྷང་ཆགས་ཤིང་། མཐར་གྲྭ་མང་བླ་བྲང་བཀྲ་ཤིས་འཁྱིལ་ནང་བསྟན་སློབ་གྲྭའི་སྒོ་མདུན་གྱི་གཞུང་ལམ་སྟེང་བཞུགས་ཏེ། སྨོན་ལམ་གསུང་འདོན་གནང་མགོ་བརྩམས་ཡོད་འདུག་ལ། ད་ལྟ་དགེ་འདུན་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཉེ་འཁོར་གྱི་ས་གནས་མང་ཚོགས་ཀྱང་འདུ་འཛོམ་བྱེད་བཞིན་ཡོད་འདུག

དེའི་རྗེས་བླ་བྲང་དགོན་པ་དང་། བསང་ཆུ་རྫོང་གི་གྲོང་འཁྱེར་ཡོངས་ལ་དྲག་ཆས་དམག་དཔུང་དང་ཉེན་རྟོག་པ་འགྲེམས་འཇོག་བྱས་ཏེའགྲོ་སྐྱོད་བཀག་སྡོམ་བྱས་ཡོད་འདུག 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།