ཁ་བྲལ་རིང་ལུགས་པའི་ཐོག་རྡུང་རྡེག་ཚ་ནན།
22/07/2012 21:07
ཁ་བྲལ་རིང་ལུགས་པའི་ཐོག་རྡུང་རྡེག་ཚ་ནན།
བར་ལམ་བོད་ནང་དུ་རང་ལུས་མེ་བསྲེག་བཏང་སྟེ། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་དོན རྐྱེན་རིམ་པ་ཐོན་པའི་རྗེས། ད་རེས་རྒྱ་ནག་གི་འགོ་ཁྲིད་བོད་ཀྱི་རྒྱལ་ས་ལྷ་སར་ཡོང་སྟེ། བོད་ནང་ཁ་བྲལ་རིང་ལུགས་པའི་ཐོག་དྲག་གནོན་དང་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་ཟེར་བཤད་ཡོད་པ་རེད།དེ་རིང་རེས་གཟའ་ཉི་མའི་ཉིན་ཕེ་རན་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་སྤེལ་བའི་ནང༌།གཟའ་འཁོར་སྔོན་དེར་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་གནས་རིམ་ལྔ་པ་ཡིན་པ་Li Changchun བོད་ཀྱི་རྒྱལ་ས་ལྷ་སར་རྟོག་ཞིབ་ཏུ་ཡོང་སྟེ།ལྷ་སའི་གཙུག་ལག་ཁང་དང༌།རྩེ་ཕོ་བྲང་དུ་བལྟ་སྐོར་དུ་བསྐྱོད་ཡོད་པ་མ་ཟད། མི་རིགས་ཆིག་སྒྲིལ་དང༌། སྤྱི་ཚོགས་བརྟན་ལྷིང༌། འཆམ་མཐུན་སྤྱི་ཚོགས་སྐྲུན་ཐབས་ཀྱི་ཆེད་དུ་། རྒྱ་ནག་གཞུང་ཕྱོགས་ནས། ས་གནས་སོ་སོའི་དཔོན་རིགས་དང་མི་དམངས་ཀྱིས་རྒྱ་ནག་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོ་དེ་ཇི་ཙམ་རླབས་ཆེན་ཡིན་པ་གོ་དོན་རྟོགས་ཐུབ་པ་བཟོ་རྒྱུའི་ལས་དོན་མུ་མཐུད་རྒྱུན་འཁྱོངས་དང་གཏིང་གཟབ་ཏུ་གཏོང་རྒྱུ་མ་ཟད། ཁ་བྲལ་རིང་ལུགས་པའི་ཐོག་རྡུང་རྡེག་གཏོང་བའི་ལས་དོན་ཡང་གཏིང་གཟབ་དང་གཞི་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་ཟེར་བཤད་ཡོད་ལ། ད་དུང་ལོ་རྒྱུས་དངོས་དོན་ཐོག་ནས་བོད་དེ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པའི་བསམ་བློའི་སློབ་གསོའི་ལས་འགུལ་སྤེལ་དགོས་པའི་སྐོར་བཤད་ཡོད་ལུགས་བཀོད་ཡོད་པ་རེད།།
———
Back