རྒྱལ་ཚོགས་སྐུ་ཚབ་ཚོ་འབར་མའི་འཁྲུག་ཟིང་བྱུང་སར་ཆེད་ཕེབས
14/06/2012 18:26
རྒྱལ་ཚོགས་སྐུ་ཚབ་ཚོ་འབར་མའི་འཁྲུག་ཟིང་བྱུང་སར་ཆེད་ཕེབས།
དེ་རིང་གཟའ་ལྷག་པའི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བེན་ཁུའུ་མན་མཆོག་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ལྦི་ཇེ་ནམ་སྦིཡེར་མཆོག་གིས་སྣེ་ཁྲིད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་འབར་མ་དང་བང་ལ་དེ་ཤིའ་ས་མཚམས་ཁུལ་གྱི་མོང་ཌོའོ་ཟེར་བའི་ཁུལ་དུ་ཉིན་ཤས་སྔོན་ ནང་པ་དང་ཁ་ཆེའི་དབར་འཁྲུག་ཟིང་བྱུང་ཁུལ་དུ་འབར་མའི་ས་མཚམས་དོ་དམ་ལས་ཁང་གི་དམག་དཔོན་ཐེཨིན་ཀྲེ་དང་ ཡན་གོན་ནང་ཡོད་པའི་ཁ་ཆེའི་ཆོས་ལུགས་དབུ་ཁྲིད་བཅུ་ལྔ་ཙམ་གྱི་་ཕེབས་རོགས་འོག་གཟིགས་ཞིབ་ལ་ཕེབས་ཡོད་པ་རེད་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་གྲས་ཨ་ཤོཀ་ནི་གམ་ཡིས་གསུང་ན་ ད་རེས་ཁོང་རྣམས་ཁུལ་དེར་ཕེབས་ནས་རཱ་ཀིན་ས་གནས་ནང་གང་དྲ་བྱས་ནས་རོགས་རམ་བྱ་མིན་ཐོག་བརྟག་དཔྱད་ཞིབ་འཇུག་གནང་རྒྱུ་ཡིན་པ་གསུང་འདུག དུས་ཡུན་ཉིན་གྲངས་ལྔ་ཙམ་རིང་ཁུལ་དེའི་ནང་པ་དང་ཁ་ཆེའི་དབར་འཁྲུག་ཟིང་བྱུང་ནས་གྲོང་གསེབ་གྱི་ཁང་པ་བརྒྱ་ཕྲག་ཁ་ཤས་རྩ་གཏོར་བཏང་ནས་མི་གྲངས་ཉི་ཤུ་རྩ་ལྔ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་ མི་གྲངས་༤༠ལྷག་ཙམ་ལ་རྨས་སྐྱོན་ཕོག་པའི་སྐོར་འབར་མའི་གཞུང་འབྲེལ་དཔོན་རིགས་ནས་ཕར་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་ཡོད་པ་དང་ ཞིང་ཆེན་དེའི་ནང་ནང་པ་དང་ཁ་ཆེའི་ཆོས་ལུགས་དད་ཞེན་པ་ཚོའི་བར་འཁྲུག་ཟིང་བྱུང་བའི་རྗེས་འབར་མའི་སྲིད་འཛིན་གྱིས་ར་ཁན་ཞིང་ཆེན་གྱི་རྒྱལ་ས་སིཏ་ཝི་ནང་དྲག་པོའི་ཁྲིམས་གཞི་དམ་་ཡོད་པ་རེད་
———
Back