དགོང་དྲོའི་གསོལ་སྟོན་ལ་བཀའ་ཁྲི་གདན་ཞུ

24/07/2012 23:45

 

 

ནིའུ་ཡོག་ཏུ་དགོང་དྲོའི་གསོལ་སྟོན་ལ་བཀའ་ཁྲི་གདན་ཞུ།

ཐེངས་འདིར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ།  ཕྱི་ཚེས་༢༠ ཉིན་ནིའུ་ཡོག་ཏུ་ཕེབས་ཏེ།  ཨ་རི་སྐུ་ཚབ་དོན་གཅོད་ཁང་དང༌། 

ནིའུ་ཡོག་དང༌ནིའུ་འཇས་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་གིས་གོ་སྒྲིག་ཞུས་པའི་སྤྱི་མཐུན་ཚོགས་པའི་རིག་གཞུང་བསྟི་གནས་ཁང་གི་དཔལ་འབྱོར་འདུ་འགོད་ཆེད་གྱི་དགོང་དྲོའི་གསོལ་སྟོན་ལ་བཀའ་ཁྲི་གདན་ཞུ་ཞུས་ཡོད་པ་རེད།

katu_20དེ་ཡང་ནིའུ་ཡོག་གྲོང་ཁྱེར་ནང་ཡོད་པའི་ཤཱལ་རི་ཀྲོན་མགྲོན་ཁང་ནང་གོ་སྒྲིག་གནང་བའི་དགོང་དྲོའི་གསོལ་སྟོན་ཐོག  བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེས་གསུང་དོན།  ནིའུ་ཡོག་དང་ནིའུ་འཇས་སི་ཁུལ་དུ་རིག་གཞུང་བསྟི་གནས་ཁང་གསར་སྐྲུན་ཐད་ཁྱེད་རྣམ་པ་ཚང་མས་སྐུ་ལས་བསྐྱོན་ཏེ་འཁུར་མཉམ་ལེན་གནང་བར་བསྔགས་བརྗོད་དང༌།  རྒྱབ་སྐྱོར་ཡོད་ཅེས་གསུངས་སོང་།

བཀའ་ཁྲིས་བར་ལམ་ཁོང་ཨོ་སི་ཀྲོ་ལི་ཡ་དང༌།  ཉི་ཧོང༌།  ཡུ་རོབ།  ད་རེས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་སྐབས་ཀྱི་ཕྱག་ལས་རྣམས་སྔོན་དུ་བང་སྒྲིག་པ་བཞིན་ཡག་པོ་བྱུང་བའི་སྐོར་དང༌།  གནད་ཡོད་དཔོན་རིགས་མཇལ་འཕྲད་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་ཀྱིས་མཚོན་བོད་དོན་སྐོར་གླེང་སློང་གནང་བར།  ཚང་མས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རྣམ་འགྱུར་གསལ་སྟོན་གནང་བའི་སྐོར།  ལྷག་དོན་ཝ་ཤིང་ཊོན་དུ་ཨ་རི་གཞུང་གི་གནད་ཡོད་དཔོན་རིགས་མཇལ་སྐབས་མཉམ་དུ་སྐུ་ཚབ་དོན་གཅོད་དང༌།  རྡ་ས་ནས་མཉམ་ཁྲིད་ལས་བྱེད་གཉིས་མཉམ་དུ་བཅར་བ་དེས་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་བཅར་བ་ཞིག་ཡིན་པ་མཚོན་གྱི་ཡོད་ཅེས་གསུངས།

སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ཀྱིས་གསོལ་སྟོན་ཐོག་གསུང་བཤད་གནང་སྐབས།  དོན་གཅོད་ཁང་དང༌།  སྤྱི་མཐུན་ཚོགས་པ་ཐུན་མོང་ནས་གོ་སྒྲིག་གནང་བའི་དགོང་དྲོའི་གསོལ་སྟོན་གྱི་དགོས་པ་ངོ་སྤྲོད་གནང་བ་མ་ཟད།  ནིའུ་ཡོག་དང༌།  ནིའུ་འཇར་སི་ཁུལ་དུ་སྡོད་མཁན་བོད་མི་སྤྱི་དང༌།  ལྷག་པར་དུ་ཚོགས་པ་དང༌།  སྐྱིད་སྡུག་ཁག ས་གནས་སྤྱི་མཐུན་ཚོགས་པའི་རྒྱུུན་ལས་གསར་རྙིང་བཅས་ནས་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལྷག་དོན་དུ་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རྣམས་ནས་འགན་འཁུར་འབད་བརྩོན་གང་ལེགས་གནང་བར་ཚོགས་ཡོངས་སུ་ལེགས་གསོའི་བསྔགས་བརྗོད་ཀྱང་གནང་ཡོད་པ་རེད།

གསོལ་སྟོན་ཐོག་གྲགས་ཅན་གཞས་པ་བསྟན་འཛིན་འོད་ཟེར་སོགས་གཞས་པ་དང༌།  གཞས་མ་ཁག་ཅིག་ནས་སྐུ་ཚབ་དོན་གཅོད་ཁང་ནས་རེ་སྐུལ་ཞུས་པ་བཞིན།  གླུ་གཞས་གཟིགས་འབུལ་ཞུས་ཡོད་པ་དང༌།  གཞས་ཀྱི་ནང་དོན་ཡང་ྋགོང་ས་མཆོག་ལ་བསྟོད་པ་དང༌།  རང་ལུས་མེ་ལ་སྒྲོན་མཁན་གཙོ་བོར་གྱུར་བའི་གཞིས་ལུས་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་བྱེད་པའི་ནང་དོན་ཤ་སྟག་ཡིན་པ་མ་ཟད།  གསོལ་སྟོན་ལ་མཉམ་ཞུགས་གནང་མཁན་མང་ཆེ་བ་ཡང་བོད་པ་ཁེ་གཙང་ཡིན་པ་དེས་མི་ཚོར་བག་ཆགས་ཟབ་མོ་ཞིག་བཞག་ཡོད།

བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀུན་དགའ་འཕྲིན་ལས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གནང་ཡོད་པ་རེད།།

གནས་ཚུལ་མཁོ་གཏོང་བ་ཨ་རི་སྐུ་ཚབ་དོན་ཁང་གི་དྲུང་འཕར་ཀུན་དགའ་བཀྲ་ཤིས་ཀྱིས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།