རྒྱ་གཞུང་གིས་ཁམས་ཉག་རོང་གི་བོད་མི་ཞིག་དམར་གསོད།

14/06/2012 18:18

 

རྒྱ་གཞུང་གིས་ཁམས་ཉག་རོང་གི་བོད་མི་ཞིག་དམར་གསོད།
   
ཟླ་འདིའི་ཚེས་༡༡ ཉིན་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉེ་ཆར་ཁམས་ཉག་རོང་ནས་ཡིན་པའི་རང་ལོ་༣༦ ལ་སོན་པ་དཀར་དབང་ཞེས་པས་བོད་དོན་ཡིག་ཆ་བཀྲམ་པའི་ཉེ་མིང་འོག རྒྱ་ནག་གི་ཉེན་རྟོག་པ་དང་དམག་གིས་གཅར་རྡུང་བྱས་ཏེ་བསད་ཡོད་འདུག
དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ཁམས་ཉག་རོང་ནས་ཡིན་པའི་དཀར་དབང་འཇུ་བཟུང་བྱས་པའི་དུས་ཚེས་གསལ་པོ་མི་འདུག་ཀྱང་། ཟླ་སྔོན་མའི་ནང་ཙམ་ཡིན་པ་དང་། ད་ལྟ་ཁོང་བསད་ནས་ཉིན་༢༠ ཙམ་འགྲོ་ཡི་འདུག
ཁོང་ཁམས་ཉག་རོང་རྫོང་རྭ་ལོ་ཤང་ནས་ཡིན་པ་དང་། ཕ་མིང་ལ་རྗེ་དགའ་ཟེར་གྱི་ཡོད་འདུག བུ་དཀར་དབང་གིས་རྒྱ་ནག་གི་ཁང་པ་གསར་རྒྱག་བྱེད་སའི་ས་ཁུལ་གང་སར་“བོད་ལ་ཆོས་དད་རང་དབང་དགོས།” “བོད་ལ་རང་བཙན་དགོས།” “༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་དགོས།” ཞེས་ཡིག་ཆ་གང་སར་བཀྲམ་ཡོད་པ་རེད།
ཁོང་གིས་ཡིག་ཆ་བཀྲམ་རྗེས་ཉིན་གཉིས་རིང་ས་གནས་གཞན་ཞིག་ལ་མཁན་པོ་ཞིག་གིས་གསུང་ཆོས་གནང་གི་ཡོད་པས། དེར་ཉེན་གཡོལ་བྱས་པ་དང་། ཉིན་གཉིས་རྗེས་རང་ཁྱིམ་དུ་ལོག་ནས་ཁ་ལག་ཟོས་ཏེ་ཕྱི་ལ་ཐོན་པ་དང་རྒྱུ་མཚན་གང་ཡང་མ་བཤད་པར་གློ་བུར་དུ་ཉེན་རྟོག་པས་འཛིན་བཟུང་བྱས་ནས། རྫོང་གི་བཙོན་ཁང་དུ་ཁྲིད་ཡོད་པ་རེད། ཉིན་༢ རྗེས་སུ་ཉེན་རྟོག་པ་དཀར་དབང་གི་ཁྱིམ་དུ་ཡོང་ནས་དྲི་རྩད་དང་འཇིགས་སྐུལ་བཏང་ཡོད་ཀྱང་། དཀར་དབང་གི་ནང་མི་འབྲོག་པ་ཡིན་པ་དང་། གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད།
ཉེན་རྟོག་པས་དྲི་རྩད་ནང་ཡིག་ཆ་འགྲེམས་དགོས་དོན་གང་ཡིན་དང་། ཡིག་ཆ་འགྲེམས་མཁན་རོགས་པ་གཞན་སུ་ཡོད་མེད། ཡིག་ཆ་འགྲེམས་པར་བརྒྱུད་བསྐུལ་སུས་བྱས་ཡོད་མེད་སོགས་དྲིས་ཡོད་པ་རེད།
དཀར་དབང་འཛིན་བཟུང་བྱས་ཏེ་ཉིན་༨ རྗེས་སུ་ཉེ་རྟོག་པས་དར་རྩེ་མདོ་ནས་ཁྱིམ་དུ་ཁ་པར་འབྱོར་ནས་དཀར་དབང་གི་རོ་ལེན་དུ་ཤོག་ཅེས་བརྗོད་ཡོད་འདུག  ད་ལྟའང་དཀར་དབང་གི་ནང་མི་རྣམས་ལ་དྲི་རྩད་གཏོང་བཞིན་སུན་གཙེར་བཟོ་བཞིན་ཡོད་པ་དང་། ད་ལྟ་ཉིན་༢༠ ཙམ་འགྲོ་ཡི་ཡོད་འདུག  །
Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།