སེམས་ཁོང་གི་འཆི་མ།
20/12/2008 10:17
དྲན་གདུང་གིས་བསླངས་བའི་སེམས་ཁོང་གི་འཆི་མ།
ཨ་མ།
གོ་ཐོས་སུ་ངའི་ལང་ཚོའི་འཚོལ་སྙེག་གི་གོམ་སྟབས་དང་པོ་རྒྱང་ལ་བསྒྱུར་ནས་བཟུང་
ཁྱེད་ཀྱི་འཇིག་རྟེན་ཆུང་ངུར་མིག་ཆུ་རྐྱང་རྐྱང་གི་མཚོ་མོ་འཁྱིལ་ཞིང་
དྲང་གདུང་རིང་མོའི་ན་ཟུག་བསླངས་བ་
ངོ་མ་བདེན་པ་ཡིན་ནམ༌། ཡིན་ཡང༌། ཆར་ཆུའི་བཞུར་རྒྱུན་མོད་པའི་ངའི་ཁོག་ཡུག་ན།
སུ་ཞིག་གི་བསུ་བ་སུ་ཞིག་འཛུམ་མདངས་ཆེད་དུ་མཆིས་བ་རྟོགས་སམ།
གལ་ཏེ་ཤོར་ཟིན་པ་བྱིས་དུས་ཀྱི་ལང་ཚོ་ཡིན་ན།
ཐོབ་ཟིན་པ་སུ་ཞིག་གི་ལེགས་སྐྱེས་ཡིན།
ཁ་ཐག་རིང་བའི་རི་གྲོང་འདི་ན།
དྭ་ཕྲུག་སྟོང་ཕྲག་གི་ལས་དབང་རེ་རེ།
སུ་ཞིག་ལ་རེ་བཅོལ་བྱས་ཡོད་པ་ཁྱེད་ཀྱིས་ཨེ་ཤེས་སམ།
དྲན་གདུང་དང་དྲན་གདུང་གིས་མནར་བའི་ངའི་མི་ཡུལ་འདི་ན།
ད་དུང་དྲན་གདུང་གིས་སྨྱོས་པའི་དྭ་ཕྲུག་མང༌།
འདི་དག་གི་དྲན་གདུང་སུ་ཞིག་ལ་བརྗོད་དེ་སུ་ཞིག་གིས་སེལ་ངེས།
དེ་བས་ ཨ་མ་མ་ངུ་ག་ལེར་སྡོད་དང༌།
ནམ་ཞིག་གི་ཚེ་ ཉི་མ་འཆར་སྲིད་ལ་ཆུ་མིག་སྐམ་སྲིད།
ཨ་མ་
མདང་གསུམ་གྱི་རྨི་ལམ་ཁྲོད་ནས་ངས་མཐོང་བ་དགུན་གསུམ་གྱི་ཁ་བས་མནར་ཞིང༌།
དབྱར་གསུམ་གྱི་ཚ་བས་གདུང་བའི་ ཁྱེད་ཀྱི་ཉམ་ཐག་གི་ལུས་ཟུང་རེད།
གསལ་ལ་མི་གསལ་བའི་འཇིག་རྟེན་ཞིག་གི་ཟུར་མཐའ་ནས།
སུ་ཞིག་གི་ཆེད་དུ་འདར་སིག་སིག་གུ་ལག་ཟུང་བྲང་ཁར་གཏད་དེ་
དཀོན་མཆོག་ལ་གསོལ་བ་འདེབས་ཀྱིན་ཡོད།
ཡིན་ཡང༌། ང་ད་དུང་ཤི་མེད།
ངའི་ལུས་སྟེང་ན་རྒྱུག་བཞིན་པ་ནི་
ཁྱོད་ཀྱི་ང་ལ་བསྩལ་བའི་ཡབ་མེས་ཀྱི་ཆོ་ལོ་ཡིན་
འབྲས་རྡའི་མངར་ཁའི་འཚོ་བ་མཇུག་བཞིན་པའི་ཁོ་བོ་
ཁོར་ཡུག་འདི་དང་འདིའི་བསླུ་བྲིད་ལ་
ཞེན་ལོག་གི་ཚོར་སྣང་བདེན་ལ་
འབྲལ་འདོད་ཀྱི་འདུན་པ་དེ་བས་ཀྱང་ག་ལ་ཡོད།
བབ་ཆགས་ཀྱི་འཚོ་བ་འདིས་ངའི་མི་ཚེར་ལྟ་བ་གསར་བའི་འོད་སྣང་སྦྱིན་ལ་
ངའི་ཁོར་ཡུག་ལ་ཞེ་བདེ་རྟ་ཕོའི་ཞབས་རྗེས་བཞག
དེ་བས་ ཨ་མ་མ་ངུ་ག་ལེར་གནས་དང༌།
ནམ་ཞིག་གི་ཚེ་འཇའ་ཚོན་མངོན་སྲིད་ལ་ དྲག་ཆར་ལྷོད་སྲིད་
ཨ་མ་ འདི་ལྟ་བུའི་ཁོར་ཡུག་ཅིག་ནས་ངས་ཁྱེད་ལ་འདི་ལྟར་མི་བརྗོད་ཀ་མེད་རེད༌།
རང་སེམས་ལག་པས་བསྐྱོར་ཏེ་ཞིབ་འདང་ཞིག་བརྒྱབ་ན་
ང་ལའང་དྲན་གདུང་གིས་བསླངས་བའི་སེམས་ཁོང་གི་མཆི་མས་ཁེངས་བར་རང་དབང་མེད་
ཡིན་ཡང༌། ངས་ཁྱེད་བརྗོད་མི་ཕོད་
ལྷག་པར་དུ་ངས་ཁྱེད་ལ་སེམས་འཁུར་འཕར་མ་ཞིག་གི་སྡུག་ཡུས་སྟེར་མི་འདོད་
དུས་ཚིགས་ཀྱི་འགྱུར་བག་རེ་རེའི་བཞུད་ལམ་ཁྲོད་ན་ ཁ་དོག་མི་གསལ་བའི་སྣང་བརྙན་རེ་རེ་དང་
འདུར་རྒྱུག་རྒོད་པོའི་མི་ཡུལ་གྱི་འཕྲང་ལམ་བར་ན་
འཚོ་དོན་སྡུག་པོའི་ཁེར་རྐྱང་གི་སྐྱོ་གཞས་མོད་
འདི་དག་ཚང་མ་འཇིག་རྟེན་འདིའི་ཆོས་ཉིད་སྟེ་
ཁོ་བོས་སུ་ལ་ཡང་འཁང་ར་བྱེད་མི་ཕོད་
མི་ཡུལ་འདིའི་སྟངས་སྟབས་འོག་ནས་
ལྷིང་འཇགས་ཀྱི་རྩྭ་ཐང་ནི་ཁྱེད་གདུང་སའི་གནས་མལ་ཡིན་ལ་
ས་སྐྱེ་སའི་ཕ་སའང་ཡིན་ ཡིན་ཡང༌། སྔོན་བསགས་ཀྱི་ལས་དབང་བཙན་པོས་ང་འདི་ལྟར་མི་གྱེས་ཐབས་མེད་རེད༌། དེ་བས་ ཨ་མ་མ་ངུ་ག་ལེར་གནས་དང་
ནམ་ཞིག་གི་ཚེ་དྲག་རླུང་ཆད་སྲིད་ལ་མེ་ཏོག་ཟད་སྲིད༌།
ཨ་མ་ ལྷབ་ལྷུབ་ཏུ་འབབ་པའི་ཁ་བ་དང་
ཤག་ཤག་ཏུ་འབབ་པའི་ཆར་ཆུ་ ད་དུང༌།
ལྷུང་ལྷུང་དུ་བཞུར་བའི་ཆུ་ཕྲན་
འདི་དག་གི་ཀློང་རིམ་ནས་
ངའི་སེམས་པ་སྟེ་དྲན་གདུང་གི་ན་ཟུག
ཞི་བདེ་རྒྱ་མཚོའི་རྦ་རླབས་བཞིན་དྲག་ཏུ་འཕྱོ་ལ་
གཡུ་འབྲུག་སྡོན་མོའི་ངར་སྐད་བཞིན་ཤིན་ཏུ་སྒྲོགས་
གསང་མི་ཐུབ་པ་དྲན་གདུང་གི་ན་ཟུག་ཡིན་ལ་
བརྗོད་མི་ཐུབ་པ་ན་ཟུག་གི་བང་རིམ་རེ་རེས་
མཚན་གོང་གི་ཟླ་འོད་འོག་ནས་
སྐར་ཚོགས་ཀྱི་འཛུམ་དམུལ་ལ་རྒྱ་གྲོལ་དུས་
ངའི་སྙིང་ཁོང་གི་ཨ་མའི་འཛུམ་ཞལ་གང་ན་མཆིས་
དབྱར་གཞུང་གི་བསུ་མིའི་ཁྲོད་ན་
ཁུ་བྱུག་གི་གསུང་སྐད་སྒྲོག་དུས་
ངའི་ཨ་མའི་བྱམས་བརྩེའི་དྲོད་ཁོལ་གང་ན་མཆིས་
ཨ་མ་མ་ངུར་ག་ལེར་གནས་དང་
ནམ་ཞིག་གི་ཚེ་བུ་ཆུང་ང་སླེབས་སྲིད་ལ་
ཨ་མ་རང་དགོད་སྲིད་ངེས།། །།
དཀོན་མཆོག་གིས་སྤྱི་ལོ་༢༠༠༩་སྤྱི་ཟླ་༡་ཚེས་༢༣་ཉིན་བྲིས་པ་དགེ། །
———
Back