ཁྲེན་ཀོང་ཁྲེང་ལ་རྒྱབ་སྐྱོར་མཁན་་འཛིན་བཟུང།

05/05/2012 10:10

 

ཁྲེན་ཀོང་ཁྲེང་ལ་རྒྱབ་སྐྱོར་མཁན་་འཛིན་བཟུང།

 

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་ཁྲེན་ཀོང་ཁྲེང་སྨན་ཁང་དུ་སྨན་བཅོས་བྱས་ནས་སྡོད་པའི་སྐབས། སྨན་ཁང་དུ་ཡོད་པའི་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་མ་ཟད། ཉེས་རྡུང་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད།
དེ་ཡང་ཁྲེན་ཀོང་ཁྲེང་ལ་གདུང་སེམས་མཉམ་བསྐྱེད་ཆེད་དུ་རྒྱབ་སྐྱོར་བས་ཁོང་སྨན་བཅོས་བྱེད་ཡུལ་པེ་ཅིང་གི་སྨན་ཁང་དུ་འདུ་འཛོམས་བྱས་པའི་སྐབས། རྒྱ་ནག་ཉེར་རྟོག་པས་ཁོང་ཚོའི་ནང་ནས་མི་གཉིས་ལ་ཉེས་རྡུང་བཏང་བའི་སྐོར་ཁོང་གཉིས་ཀྱི་ནང་མི་སྤུན་མཆེད་ནས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་བྱས་ཡོད་ཅིང༌། དེའི་ནང་ནས་གཅིག་ནི་ཁྲེན་ཀོང་ཁྲེང་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་ཁྲིམས་རྩོད་པ་ཅིཨང་ཐན་ཡོང་ཡིན་པ་དང་ཁོང་རེས་གཟའ་ཕུར་བུའི་ཕྱི་དྲོ་ཁྲེན་ཀོང་ཁྲེང་སྡོད་སའི་སྨན་ཁང་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ཁྲེན་ལ་རྒྱབ་སྐྱོར་བྱེད་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་རེད། འོན་ཀྱང་ཅིའང་ཐན་ཡོང་དེ་རིང་སྔ་དྲོ་གློད་གྲོལ་བཏང་ཡོད་ཀྱང༌། ཁང་པ་ནས་རང་དབང་གི་འགྲོ་བསྐྱོད་མི་ཆོག་པའི་དོ་དམ་བྱེད་པ་མ་ཟད། ཉེན་རྟོག་པས་ཁོང་གི་ལག་འཁྱེར་ཁ་པར་ཡང་བཅག་སྐྱོན་བཏང་སྟེ་འབྲེལ་བ་བྱེད་ཐབས་མེད་པ་བཟོས་ཡོད་པ་རེད། དེའི་སྐོར་ལ་ཅིའང་ཐན་ཡོང་གི་བཟའ་ཟླ་ཆིན་བན་ལིང་གིས་ཕེ་རན་སི་གསར་འགྱུར་ལས་ཁང་བརྗོད་པར་གཞིགས་ན། ཉེན་རྟོག་པས་ཅིའང་ཐན་ཡོང་འཛིན་བཟུང་བྱས་པའི་རྗེས། རྣ་ཅོག་ལ་ཞུས་ཏེ། ད་ཆ་ཁོང་གི་རྣ་ཅོག་ཡ་གཅིག་མི་གོ་བའི་སྐྱོན་བྱས་པ་མ་ཟད། རྣ་ཅོག་གཞན་དེ་ཡང་ཡག་པོ་གོ་མི་ཐུབ་པའི་དཀའ་ངལ་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད། འཛིན་བཟུང་བྱས་པ་གཞན་པ་དེ་ནི། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་སྒྱུ་རྩལ་བ་ལིའུ་ཡི་ཡིན་ཞིང༌། ཁོང་ཡང་རེས་གཟའ་ཕུར་བུའི་ཉིན་ཉེན་རྟོག་པ་བཞིས་སྨན་ཁང་གི་ཕྱི་ཕྱོགས་ནས་བཙན་ཁྲིད་བྱས་ཏེ་འདྲི་རྩད་བྱས་པ་མ་ཟད། ཤེལ་དམ་སོགས་མགོ་ལ་ཞུས་པ་དང༌། རྐང་པར་རྡོག་སྐྱག་ཞུས་ཏེ་ཉེས་རྡུང་བཏང་ཡོད་ཀྱང་རེས་གཟའ་ཕུར་བུའི་ཕྱི་དྲོ་གློད་གྲོལ་བཏང་ཡོད་པ་རེད། ཁོང་གི་ཕེ་རན་གསར་འགོད་པར། ད་ཆ་ཁོང་ལ་སྐྱོན་མེད་ཀྱང་རྐང་པ་བདེ་པོ་མེད་པ་དང༌། སྨན་ཁང་དུ་འགྲོ་མི་ཆོག་པའི་ཉེན་བརྡ་བཏང་བའི་སྐོར་གསུང་ཡོད་པ་རེད། དེ་བཞིན་རྒྱབ་སྐྱོར་བ་ཏུ་ཡན་ལིང་གིས་ཁོང་ཡང་སྨན་ཁང་ནས་ནང་དུ་ལོག་པའི་རྗེས་ཉེན་རྟོག་པ་ཡོང་སྟེ་ཡིག་ཆ་ཞིབ་བཤེར་དང་འདྲི་རྩད་བྱས་བྱུང་ཡང་ཉེས་རྡུང་བཏང་མེད་པ་དང༌། འོན་ཀྱང་ཁྲེན་ཀོང་ཁྲེང་ལ་རྒྱབ་སྐྱོར་བྱེད་མི་ཆོག་པའི་ཉེན་བརྡ་བཏང་བའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། 

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།