མི་ ༤ གར་སོང་ཆ་མེད་དུ་གྱུར།

01/05/2012 14:01

 

མི་ ༤ གར་སོང་ཆ་མེད་དུ་གྱུར།

རྒྱ་གཞུང་གིས་བྲག་མགོ་སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་དང་། གཞན་བྲག་མགོ་དགོན་པའི་གྲྭ་པ་གསུམ་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་འདུག

ངྷ་ས་རིགས་ལམ་སློབ་གཉེར་ཁང་གི་རིན་ཆེན་དབང་རྒྱལ་དང་དཔལ་ལྡན་གཉིས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡ ཚེས་༢༣ ཉིན་ཁམས་བྲག་མགོ་རྫོང་དུ་ཞི་རྒོལ་བྱས་པར་རྐྱེན་བྱས་ཏེ། རྒྱ་ནག་གཞུང་གིས་བྲག་མགོ་ནར་ཆུ་ཤང་གི་ཕ་དགའ་རབ་ཉི་མའི་བུ་ ༢ གཙོས་བོད་མི་ ༤ དམར་གསོད་དང་། བོད་མི་ ༣༠ ལྷག་ལ་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ངོ་རྒོལ་ལས་འགུལ་གྱི་ཉིན་གསུམ་ཡས་མས་སུ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ། བྲག་མགོ་སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་རིན་པོ་ཆེ་དང་། བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ། དགོན་པའི་ཚོང་པ་འཕྲིན་ལས། དགོན་པའི་རྩིས་པ་དང་དྲུང་ཡིག་གཅིག་ལྕོགས་དགྲ་ལྷ་བཅས་མི་ ༤ ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཟླ་༣ དང་ཉིན་༤ ལྷག་ཕྱིན་ཡོད་ཀྱང་། རྒྱ་གཞུང་གིས་གསལ་བཤད་ཅི་ཡང་མ་བྱས་པར་གར་ཡོད་ཅི་བྱུང་གི་གནས་ཚུལ་མ་ཤེས་པར་ལྷག་ཡོད་འདུག

རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་དགུང་ལོ་ ༤༠ ཡས་མས་ཡིན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་མཆོག་ནི། ཡབ་པད་མཁྱེན་དང་ཡུམ་མགོན་པོ་ལྷ་མོ་གཉིས་ཀྱི་སྲས་སུ་བྲག་མགོ་དཔེ་མེད་སྒང་གྲོང་ཚོ་རུ་སྐུ་འཁྲུངས་ཤིང་། ནར་སོན་རྗེས་གསེར་རྟ་བླ་རུང་ཆོས་སྒར་དུ་ཞུགས་པ་དང་། རྗེས་སུ་སྒོ་ཆེན་དགོན་པའི་སྤྲུལ་སྐུར་ངོས་འཛིན་གནང་སྟེ། དགོན་པའི་ནང་བཤད་གྲྭ་དང་སྒྲུབ་གྲྭ་གསར་འཛུགས་དང་དགོན་པའི་འདུ་ཁང་གསར་རྒྱག་སོགས་ཀྱི་ལས་ཀ་བྱས་ཡོད་འདུག

 

དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ནི། ཕྱི་ལོ ༡༩༧༠ ལོར་བྲག་མགོའི་ཆུ་དབར་གྲོང་ཚོའི་ཕ་རྡོ་དགའ་དང་མ་ཚེ་འཛིན་ལྷ་མོ་གཉིས་སུ་སྐྱེས་ཤིང་། ཆུང་དུས་སློབ་གྲྭར་འགྲིམས་ཏེ་རྒྱ་བོད་ཡིག་རིགས་གཉིས་ལ་སློབ་སྦྱོང་དང་། ༡༩༨༧ ལོར་རྒྱ་གར་ལ་ཕེབས་ཏེ་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ནང་དོན་རིག་པའི་ཐོག་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག་ཡོད། ༡༩༩༤ ལོར་རྡ་སའི་རིགས་སློབ་ཏུ་རིས་མེད་ཆོས་རྒྱུད་ཆེན་པོའི་ལྟ་གྲུབ་ལ་སྦྱང་པ་མཐར་སོན་གནང་ཏེ། སློབ་གཉེར་ཁང་གི་རིས་མེད་སློབ་དཔོན་གྱི་མཚན་རྟགས་བཞེས་ཡོད་པ་དང་།  ༢༠༡༡ ལོར་ཕྱིར་རང་ཡུལ་ཕེབས་ཏེ་བྲག་མགོ་དགོན་པའི་སློབ་དགེ་ཡི་ཐུགས་འགན་བཞེས་ཡོད་འདུག 

རང་ལོ་ ༤༢ ཡིན་པའི་ཚོང་པ་འཕྲིན་ལས་ལགས་ནི། ཕ་ཁམས་ཐར་དང་མ་ལྷ་སྐྱིད་གཉིས་སུ་བྲག་མགོ་རྦ་དག་གྲོང་དུ་སྐྱེས། ཆུང་དུས་སློབ་ཆུང་འགྲིམས་ཤིང་དེ་ས་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས། ལོ་ཤས་སྔོན་དུ་བྲག་མགོ་དགོན་པའི་ཕྱག་མཛོད་ཀྱི་འགན་བཞེས་ཤིང། ཕྱིས་སུ་དགོན་པའི་ཚོང་ཁང་དུ་ལས་ཀ་བྱེད་བཞིན་ཡོད་འདུག 

 

རང་ལོ་ ༣༡ ཡིན་པའི་རྩིས་པ་དགྲ་ལྷ་འམ་བཀྲ་ཤིས་སྟོབས་རྒྱལ་ལགས་ནི། ཕ་དཔལ་ལྡན་རྡོ་རྗེ་དང་མ་ཚུལ་ཁྲིམས་སྒྲོལ་མ་གཉིས་སུ་བྲག་མགོ་དགོན་སར་གྲོང་དུ་སྐྱེས། ཆུང་དུས་སུ་སློབ་ཆུང་དང་སློབ་འབྲིང་འགྲིམས། ༢༠༠༠ ལོར་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས་ཤིང་། དགོན་པའི་སློབ་གྲྭར་ལོ་ ༥ ལྷག་འགྲིམས་ཏེ་དགོན་པའི་རྩིས་པ་དང་དྲུང་ཡིག་གི་ལས་ཀ་བྱེད་བཞིན་ཡོད་འདུག  

 

 

 

གསར་འགོད་པ། དོན་གོ

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།