གོམ་བགྲོད་པས་རྒྱ་དར་ཁྱེར་བར་ངོ་རྒོལ་ཡོད

04/05/2012 23:14

གོམ་བགྲོད་པས་རྒྱ་དར་ཁྱེར་བར་ངོ་རྒོལ་ཡོད་ཅེས་བརྗོད་སོང་།

དེ་རིང་ཞོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་ཞི་བའི་གོམ་བགྲོད་སྐབས་རྒྱ་ནག་གི་དར་དམར་ཁྱེར་བ་དེར་ངོ་རྒོལ་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་སོང་ལ། གོམ་བགྲོད་པ་ཚེ་བརྟན་རྡོ་རྗེས་དབུ་མའི་ལམ་གྱི་ཐོག་ནས་གྲུབ་འབྲས་ཐོན་ན། མ་འོངས་པར་རྒྱལ་དར་ལ་གུས་ཞབས་བྱེད་ཀྱི་ཡིན་པ་མཚོན་ཆེད་དུ་ཡིན་ཞེས་འདི་ག་གསར་ཁང་གི་བཅར་འདྲི་དང་ལེན་སྐབས་བརྗོད་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༤ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ གི་སྟེང་། དྷ་སའི་མེག་གྷན་དུ་ཡོད་པའི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་ནང་དུ། གཞོན་ནུའི་ཚོགས་གཙོ་གཞོན་གཉིས་དང་དྲུང་ཆེ་བཅས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། བོད་དོན་ཆེད་ཞི་བའི་གོམ་བགྲོད་པ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་དགྲ་བོ་རྒྱ་ནག་གི་རྒྱལ་དར་འཁྱེར་བར་གཞོན་ལྷན་ནས་ངོ་རྒོལ་གྱི་བསྒྲགས་གཏམ་ཞེས་པ་ཞིག་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་སྒྲོགས་སྦྱང་བྱས་སོང་།

གསལ་བསྒྲགས་དེའི་ནང་ངོ་རྒོལ་དགོས་དོན་སྐོར་འཁོད་དོན། “བོད་རྒྱ་བར་གྱི་འཐབ་རྩོད་ནི། འགྲོ་བ་མིའི་ཐོབ་ཐང་བྱེ་བྲག་པའི་གནད་དོན་ཙམ་མིན་པར། ལོ་རྒྱུས་ཐོག་བོད་རང་བཙན་གྱི་རྒྱལ་ཁབ་ཏུ་རྒྱ་ནག་གི་བཙན་འཛུལ་བྱས་པ་ལ་བརྟེན། ཕྱི་ལོ་ ༡༩༤༩ ནས་ད་བར། བོད་རྒྱ་བར་གྱི་འཐབ་རྩོད་ནི། རྒྱལ་ཁབ་ཀྱི་བདག་དབང་དང་འབྲེལ་བའི་འཐབ་རྩོད་ཀྱི་ངོ་བོར་གནས་མུས་ཡིན་པས། བོད་རྒྱ་རྒྱལ་ཁབ་ཕན་ཚུན་དབར་སོ་སོའི་མངའ་དབང་མཚོན་པའི་རྒྱལ་དར་ལ་ཡང་ཕྱོགས་གཉིས་ཀས་དེ་མཐུན་གྱི་ངོས་འཛིན་རྒྱུན་འཆང་དགོས་པར་བརྟེན། དགྲ་བོ་རྒྱ་ནག་སྲིད་གཞུང་གིས་བོད་ནང་བོད་ཀྱི་རྒྱལ་དར་སྒྲེང་མཁན་ཚོར་ཁ་བྲལ་རིང་ལུགས་པའི་ཉེས་མིང་གཡོགས་ཏེ། བཙོན་འཇུག་དམར་གསོད་བྱེད་བཞིན་ཡོད་པས། ང་ཚོས་ཀྱང་བོད་ཀྱི་ཐོག་རྒྱ་ནག་གི་དབང་སྒྱུར་ལ་ངོས་ལེན་མེད་པའི་རྣམ་འགྱུར་གྱི་མཚོན་རྟགས་གལ་ཆེན་གྲས། རྒྱ་ནག་གི་རྒྱལ་དར་མེར་སྲེག་དང༌། བོད་རང་བཙན་སླར་གསོ་མ་བྱུང་བར་དེར་ངོས་ལེན་མེད་པའི་རྣམ་འགྱུར་གསལ་སྟོན་རྒྱུན་འཆང་དགོས་པ་བོད་མི་ཞིག་ཡིན་པའི་ངོས་ནས་ལོ་རྒྱུས་ཀྱི་འགན་འཁྲི་ཆགས་ཡོད། དེར་བརྟེན། བཙན་བྱོལ་ནང་མི་ལོ་བཅུ་ཕྲག་དུ་མར་བོད་མི་ཚོས་དཀའ་སྡུག་དང་གནོན་ཤུགས་སྣ་ཚོགས་འོག དགྲ་བོ་རྒྱ་ནག་གི་རྒྱལ་དར་མེར་སྲེག་གི་ལས་འགུལ་རྒྱུན་མར་སྤེལ་ཡོད།

tyc_4_5_2012

འོན་ཀྱང༌། ད་ཆ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་བོད་བར་གོམ་བགྲོད་ཀྱི་ལས་འགུལ་ཁྲོད། དགྲ་བོ་རྒྱ་ནག་གི་རྒྱལ་དར་འཁྱེར་ནས་འགྲོ་བ་ནི། བཙན་བྱོལ་བོད་མིའི་མི་ལོ་ ༥༣ གྱི་ལོ་རྒྱུས་ནང་ཐེངས་དང་པོ་དང༌། བཙན་བྱོལ་བོད་མིའི་ལོ་རྒྱུས་ཀྱི་ནག་ཐིག་ཆེན་པོ་ཞིག་ཆགས་ཡོད་”ཅེས་འཁོད་འདུག

མུ་མཐུད་གསལ་བསྒྲགས་དེའི་ནང་འཁོད་དོན། “ཐོག་མའི་འཆར་ཁོང་ཚོ་མ་བུ་གསུམ་གྱི་བོད་བར་གོམ་བགྲོད་ཀྱི་དགོས་འདུན་དང་སྙིང་སྟོབས་ལྷག་བསམ་ལ་ཡོངས་སུ་ཡིད་ཆེས་ཀྱིས་གཞོན་ལྷན་དབུས་ས་གཉིས་ཀྱིས་ལས་འགུལ་དེར་རྒྱབ་སྐྱོར་ཡིད་རངས་ཞུས་ཡོད། འོན་ཀྱང༌། ད་ཆ་ཁོ་ཚོས་ལས་འགུལ་དེའི་ཁྲོད་དུ་དགྲ་བོ་རྒྱ་ནག་གི་རྒྱལ་དར་འཕྱར་བ་ནི། ཧ་ཅང་བློ་ཡུལ་ལས་འདས་པའི་ཐལ་ཆེའི་བྱ་སྤྱོད་དུ་སོང༌། དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཡོངས་སུ་ངོ་རྒོལ་དང་བློ་ཕམ་ཤུགས་ཆེ་ཡོད་པ་གསལ་སྟོན་བྱ་རྒྱུ་མ་ཟད། ལས་འགུལ་དེར་གཞོན་ལྷན་དབུས་ས་གཉིས་ཀྱིས་ད་ནས་བཟུང་རྒྱབ་སྐྱོར་དང་ངོས་ལེན་གཏན་ནས་མེད་པ་ཡང་གསལ་སྟོན་བྱ་རྒྱུ་ཡིན་”ཞེས་འཁོད་འདུག

གསལ་བསྒྲགས་དེའི་ནང་མུ་མཐུད་འཁོད་དོན། “ཁོ་རང་གིས་རྒྱ་ནག་གི་རྒྱལ་དར་འཁྱེར་དགོས་པའི་རྒྱབ་ལྗོངས་ནི། ཁོ་རང་ལམ་དབུ་མ་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ཚུལ་བཤད་ཀྱི་ཡོད་འདུག་པ་དང༌། དོན་དངོས་ལམ་དབུ་མ་དང་རང་བཙན་གྱི་གནས་བབ་གང་ཞིག་ལ་རྒྱབ་སྐྱོར་བྱེད་རུང་དེར་གཞོན་ལྷན་གྱིས་དགག་བྱ་ཅི་ཡང་མེད་མོད། འོན་ཀྱང༌། ད་ཆ་ལམ་དབུ་མ་དང་རང་བཙན་གཉིས་ཐད་ནས་རྒྱ་བོད་བར་གནད་དོན་ཐག་གཅོད་ཅི་ཡང་བྱུང་མེད་པ་མ་ཟད། དར་དམར་དེའི་འོག་ནས་ང་ཚོའི་སྤུན་ཟླ་ས་ཡ་བརྒལ་བའི་གཅེས་སྲོག་ཤོར་ཡོད་ཅིང༌། ད་ལྟ་ཡང་གཅེས་སྲོག་མུ་མཐུད་ཤོར་བཞིན་པ་དང༌། ལྷག་པར་གཞིས་ལུས་སྤུན་ཟླ་ཚོས་རང་སྲོག་བློས་གཏོང་གིས་སྐར་ལྔའི་དར་དམར་མར་ཕབས་པ་དང༌། རྒྱ་གཞུང་གིས་བཙན་ཤེད་ཀྱིས་ཡར་སྒྲེང་བར་ངོ་རྒོལ་གནང་སྟེ། མེ་མདའི་བཙན་འོག་ནས་སྲོག་གཏོང་བཞིན་དུ། འདིར་རང་དབང་ལུང་པ་ནས་བོད་མི་ཞིག་གིས་དགྲ་བོ་རྒྱ་ནག་གི་རྒྱལ་དར་ཡར་འཕྱར་ཞིང་འཁྱེར་བའི་བྱེད་ཕྱོགས་དེ་ནི། འཐབ་རྩོད་དང་ལོ་རྒྱུས་ཀྱི་འགན་འཁྲིར་ཟློག་ཟླ་བྱས་པ་ཆགས་ཡོད་”ཅེས་འཁོད་འདུག

langབོད་ནང་དུ་རྒྱལ་དར་བསྒྲངས་འཛུགས་ལ་ངོ་རྒོལ་སྐོར་འཁོད་དོན། “བོད་ནང་རྒྱ་ནག་གིས་བཙན་ཤེད་དང་དངུལ་གྱི་འགྲོ་གྲོན་ཕོན་ཆེ་བཏང་ནས་བོད་མིའི་ཁྱིམ་ཚང་དང་དགོན་པ་ཁག་གི་ཡང་ཐོག་ཏུ་སྐར་ལྔའི་དར་དམར་བསྒྲེངས་བཅུག་པ་དང༌། དེ་བཞིན་དུས་སྟོན་དང་མང་ཚོགས་འདུ་འཛོམས་སྐབས་སྐར་ལྔའི་དར་དམར་གནམ་ལ་འཕྱར་འཇུག་པའི་རྒྱབ་ལྗོངས་ཇི་ཡིན་ང་ཚོ་རང་དབང་ལུང་པར་བསྡད་མཁན་ཚོས་མཁྱེན་པའི་ཐོག་ནས་ནམ་ཡང་དགྲ་བོའི་དགོས་མཁོར་མི་འགྱུར་བར་གཟབ་དགོས་པ་ནི། བོད་མི་ཞིག་ཡིན་པའི་ངོས་ནས་ལོ་རྒྱུས་ཀྱི་འགན་འཁྲི་དང་མི་ཚེའི་རིན་ཐང་ཆགས་ཡོད། གོང་གི་རྒྱུ་མཚན་ཁག་དང་བོད་དུ་རྒྱ་ནག་གི་དབང་སྒྱུར་ལ་འདོད་མོས་མེད་པའི་ངོ་བོ་གསལ་སྟོན་ཆེད། མ་འོངས་བོད་རང་བཙན་སླར་གསོ་མ་བྱུང་བར་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གནད་འགག་ཆེ་བའི་ལས་འགུལ་ཁག་ནང་མུ་མཐུད་རྒྱ་ནག་གི་སྐར་ལྔའི་དར་དམར་མེར་སྲེག་གཏང་རྒྱུ་ཡིན་ཞིང༌། དེ་ནི་ལོ་རྒྱུས་སྲུང་སྐྱོབ་དང་འཐབ་རྩོད་གསོན་གནས་རྒྱུན་འཆང་གི་གནད་འགག་གལ་ཆེན་ཞིག་ཡིན་པ་ནན་གྱི་གསལ་བརྗོད་བྱ་རྒྱུ་ཡིན།

གལ་སྲིད་ང་ཚོས་དགྲ་བོའི་འདོད་འདུན་ཁོ་ནར་བསྟུན་ཏེ། རྒྱ་ནག་གི་དཔོན་རིགས་ལ་ངོ་རྒོལ་མི་བྱེད་པ་དང༌། རྒྱ་ནག་གི་རྒྱལ་དར་མེར་སྲེག་མི་བྱེད་པར་སྒྲེང་འཁྱེར་བྱེད་པའི་བྱེད་ཕྱོགས་འདི་མུར་སོང་བ་སྣང་མེད་དུ་བཞག་ན། ནམ་ཞིག་སྐབས་འཚོལ་དང་དགྲ་བོའི་རྒྱུགས་ཁྱི་ཚོས་ལམ་དབུ་མར་ཁག་དཀྲིས་ནས་རིམ་བཞིན་འཐབ་རྩོད་ཕྱོགས་ཡོངས་ནས་རྩ་མེད་འགྲོ་ཉེན་ཆེ་བས། དེ་རིང་ཁོང་ཚོ་མ་བུ་གསུམ་གྱི་བྱེད་ཕྱོགས་དེར་ངོ་རྒོལ་བྱ་རྒྱུ་མ་ཟད། མ་འོངས་པར་སྒེར་དང་ཚོགས་སྡེ་སུ་ཞིག་གིས་ཀྱང་འདི་རིགས་གནང་ཚེ། གཞོན་ལྷན་གྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་”ཞེས་འཁོད་འདུག

གསར་འགོད་གསལ་བསྒྲགས་ཐོག གཞོན་ནུ་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། “གསུམ་བཅུའི་དུས་དྲན་གྱི་ཉི་མ་གཅིག་གཉིས་ཤིག་གི་སྔོན་ལ་རྡོ་རྗེ་ཚེ་བརྟན་ལགས་ལས་འགུལ་དང་འབྲེལ་བའི་སྐོར་ལ་ཆེད་གཉེར་གྱིས། ང་ཚོའི་ལས་ཁུངས་སུ་བཅར་སོང་། སྐབས་དེར་རང་བཙན་དང་དབུ་མའི་ལམ་གྱི་སྐད་ཆ་གང་ཡང་མི་འདུག དེའི་རྗེས་སུ་དབུ་མའི་ལམ་དང་རང་བཙན་སྐོར་གྱི་སྐད་ཆ་ཞིག་བྱུང་འདུག རྩ་བའི་ང་ཚོས་དེ་ལ་དགག་བྱ་གང་ཡང་མེད། ཡིན་ན་ཡང་མང་པོ་ཞིག་གིས་ག་རེ་བཟོ་ཡི་ཡོད་རེད་ཟེར་ན། དགོས་འདུན་དོན་ཚན་ལྔ་དེ་དབུ་མའི་ལམ་དང་མཐུན་གྱི་འདུག་ཟེར་བའི་སྐད་ཆ་ཞིག་བཟོས་ཡོད་རེད། ང་ཚོས་དེ་ལ་ངོས་འཛིན་མེད། དགོས་འདུན་དོན་ཚན་ལྔ་དེ་དབུ་མའི་ལམ་དང་མཐུན་གྱི་ཡོད་རེད་ལ། རང་བཙན་དང་ཡང་མཐུན་གྱི་ཡོད་རེད། དགོས་འདུན་དོན་ཚན་ལྔ་དེ་གཞོན་ནུ་ལྷན་ཚོགས་ཀྱིས། ལས་འགུལ་རིམ་པའི་སྐབས་སུ་བཏོན་པ་རྐྱང་པ་རེད། དེ་འདྲ་བྱས་ནས་ང་ཚོའི་འཐབ་རྩོད་ལ་དུམ་བུ་མང་པོ་བཟོས་པ་དང་། འཐབ་རྩོད་བྱེད་ཀྱི་ཡོད་རེད་དང་མགོ་བཏག་གི་ཡོད་རེད་ཟེར་བའི་རིམ་པ་གསལ་པོ་མེད་པ་ཞིག་གི་ནང་དུ་གོམ་པ་བརྒྱབ་ཡོང་པ་དེར། གཞོན་ནུ་ལྷན་ཚོགས་ཀྱིས་ཧ་ཅང་གི་བློ་ཕམ་ཆེན་པོ་ཡོད་”ཅེས་བརྗོད་སོང་།

ཡང་ཁོང་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན།  ཁོང་རང་གིས་རྒྱལ་དར་ཁྱེར་དགོས་པའི་རྒྱུ་མཚན་དང་པོ་དེ་དབུ་མའི་ལམ་ལ་རྒྱབ་སྐྱོར་མཚོན་ཆེད་དང་། གཉིས་པ་དེ་རྒྱ་ནག་གི་འོག་ལ་འདུག་འདོད་ཡོད་ཅེས་བརྒྱུད་ལམ་ཁག་ཏུ་བཀོད་ཡོད་པ་རེད། མགོ་བཏག་གི་ཡིན་དང་འཐབ་རྩོད་བྱེད་ཀྱི་ཡིན་དེའི་གནས་ཚུལ་ལྷག་པ་རེད། ང་ཚོས་ག་རེ་གསལ་པོ་བཟོ་དགོས་ཀྱི་ཡོད་རེད་ཟེར་ན། ཡང་ན་འཐབ་རྩོད་བྱ་རྒྱུ་རེད། ཡང་ན་མགོ་བཏག་རྒྱུ་རེད། ལག་པ་གཉིས་ཟེད་ཀྱི་ཡོད་མ་རེད། ཡང་ན་ལོ་རྒྱུས་ལ་ལག་པ་ཟེད་ནས་འཐབ་རྩོད་བྱེད་དགོས་རེད། ཡང་ལ་ཁེ་ཕན་ལ་ལག་པ་ཟེད་ནས་རྒྱ་ནག་གི་འོག་ཏུ་འདུག་དགོས་རེད། དེ་གཉིས་མ་གཏོགས་འགྲོ་ས་ཡོད་མ་རེད་ཅེས་བརྗོད་སོང་།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།